རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་གཉིས་པ་ཟི་ལིང་དུ་བསྡུ་འགོ་བརྩམས།
2023.08.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་ཤིང་། ཀྲུང་གོ་ཚན་རིག་གླིང་གིས་རོགས་སྒྲུབ་བྱས་པའི་རྒྱལ་ཁབ་སྤྱི་གླིང་གི་བྱ་དངོས་མཐའ་དག་མཉམ་གནས་ཀྱི་མཛེས་སྡུག་ཁྱིམ་གཞི་བརྗོད་སྙིང་དུ་བྱས་པའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་གཉིས་པ་ཟི་ལིང་དུ་བསྡུ་འགོ་བརྩམས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཕིན་ཆིན་ཧྭ་ཡིས་གཏམ་བཤད་པར་མ་ཟད་གླེང་སྟེགས་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།

རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མཱ་ཅན་ཐང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་། རྒྱལ་ཁབ་ནགས་ལས་དང་རྩྭ་ས་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་ཀོན་ཀྲི་ཨོ། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཀྲང་གཞོན་པ། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཀྲང་ཐའོ་བཅས་ཀྱིས་སོ་སོར་ཤིས་ཚིག་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་འགོ་རྩོམ་མཛད་སྒོར་མགོ་འཛིན་བྱས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་མཛད་སྒོར་ཞུགས། ཕིན་ཆིན་ཧྭ་དང་མཱ་ཅན་ཐང་། ཁྲིན་ཀང་། ཝུའུ་ཞའོ་ཅུན། ཀོན་ཀྲི་ཨོ་བཅས་ཀྱིས་མཉམ་དུ་ཀྲུང་གོ་རྒྱལ་ཁབ་སྤྱི་གླིང་གི་རྟགས་མཚན་ཡོངས་བསྒྲགས་བྱས།

ཕིན་ཆིན་ཧྭ་ཡིས་བསྟན་དོན། རྒྱལ་ཁབ་སྤྱི་གླིང་ནི་རང་བྱུང་གི་གཅེས་ནོར་དང་མིའི་རིགས་ཀྱི་བདེ་སྐྱིད་ཡིན་ལ། རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་འཛུགས་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཡིན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་འོག རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཐད་ནས་གོམ་སྟབས་ཆེན་པོ་སྤོས་པ་དང་། སྒྲིག་གཞི་ཚོད་ལྟ་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་ལ། ལམ་ལུགས་སྒྲོམ་གཞི་ཧ་ལམ་བཙུགས་པ་དང་། སྐོར་ཁག་དང་པོའི་རྒྱལ་ཁབ་སྤྱི་གླིང་བཙུགས་ནས་འཁོར་རྒྱུག་བྱས། རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་ནི། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་གོ་སྐབས་གལ་ཆེན་ཡིན་པས། རང་བྱུང་ལ་དགའ་བའི་སེམས་པ་དང་ཚན་རིག་བཅོས་སྐྱོང་གི་སྙིང་སྟོབས་ལ་བརྟེན་ནས། ཁྲིམས་སྐྱོང་འགན་སྲུང་ཇེ་བརྟན་དུ་གཏོང་བ་དང་། མཉམ་འཛིན་མཉམ་སྡོམ་གྱི་བྱ་བའི་རྣམ་པ་གྲུབ་པར་བྱེད་པ། སྐྱེ་ཁམས་འཛུགས་སྐྲུན་དང་ལྗང་མདོག་འཕེལ་རྒྱས་དང་དམངས་ཚིས་ལེགས་སྒྱུར་ལ་གཅིག་འདོམས་བྱེད་པ། རྒྱལ་ཁབ་སྤྱི་གླིང་ཆུ་ཚད་མཐོ་བའི་ངང་སྲུང་སྐྱོབ་བྱེད་པ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་དང་སའི་གོ་ལའི་ཁྱིམ་གཞི་ལ་སྲུང་སྐྱོབ་བྱེད་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།

མཱ་ཅན་ཐང་གིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་དུས་རབས་ཀྱི་གདམ་གསེས་བྱས། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་བཀོད་སྒྲིག་གལ་ཆེན་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བ་དང་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་ཡིན། སྐབས་རིམ་པའི་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དཔལ་ཡོན་དགོངས་པ་སློབ་སྦྱོང་ནན་མོ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བ་དང་ལྷག་པར་དུ་སྐྱེ་ཁམས་སྲུང་སྐྱོབ་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་བྱས་ལ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལྟར། འཚོལ་ཞིབ་ནན་མོ་དང་སྙིང་སྟོབས་ཆེན་པོས་གསར་གཏོད་བྱས་པ་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་སྤུས་ཚད་མཐོ་བའི་ངང་སྤེལ་བ་དང་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་གསར་བ་ཧ་ལམ་བཙུགས་ལ། སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་གི་གྲུབ་འབྲས་མངོན་གསལ་བླངས་པ་དང་། མཉམ་འཛུགས་མཉམ་སྡོམ་དང་མཉམ་སྤྱོད་མཐུན་སྦྱོར་ངང་སྤེལ་ལ། སྤྱི་ཚོགས་ཐོན་སྐྱེད་འཕེལ་རྒྱས་དང་སྡོད་དམངས་ཀྱི་འཚོ་བ་ཕྱུག་པ། སྐྱེ་ཁམས་སྲུང་སྐྱོབ་བཟང་བོ་བྱེད་པའི་སྤུས་ཚད་མཐོ་བའི་ལམ་དུ་སྐྱོད་བཞིན་པའི་སྒང་ཡིན་ལ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མདོ་དབུས་མཐོ་སྒང་དུ་ལག་བསྟར་བྱེད་བཞིན་པའི་སྒང་ཡིན། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་འཛུགས་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་ཇུས་འགོད་དང་དངོས་སུ་བཀོད་སྒྲིག་བྱས་ནས་དངོས་སུ་སྐུལ་འདེད་གཏོང་བཞིན་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་སློབ་སྦྱོང་ནན་མོ་དང་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས། དམངས་ཚིས་ལེགས་སྒྱུར་བཅས་གཅིག་གྱུར་ཡོང་བ་མངོན་འགྱུར་བྱེད་དགོས། རྒྱལ་ཁབ་ཀྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་དབྱང་དང་ས་གནས་ཕྱོགས་ཀྱི་བརྩོན་སེམས་ཆེར་བསྐྱེད་དགོས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྤྱིའི་དམིགས་འབེན་རྒྱུན་འཁྱོངས་བྱེད་པ་དང་། བར་སྟོང་སྔར་ལས་ཆེན་པོ་རུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གཉིས་གཅིག་གྱུར་བྱེད་པ་མངོན་འགྱུར་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་སྤྱི་གླིང་ཆུ་ཚད་མཐོ་བའི་ངང་འཛུགས་སྐྲུན་བྱེད་པའི་ལམ་ཞིག་བཏོད་དགོས།

ཁྲིན་ཀང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་། རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་དང་གྲོགས་པོ་ཡོངས་ལ་དགའ་བསུ་ཞུས། ཁོས་བཤད་རྒྱུར། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ལོ་རྒྱུས་ཀྱི་བརྒྱུད་རིམ་དང་བསྟུན་ནས། དེ་རིང་གི་ཀྲུང་གོ་རུ། བྱ་དངོས་མཐའ་དག་འཆམ་མཐུན་མཉམ་གནས་ཡོང་བར་བྱེད་རྒྱུ་དེ་རེ་འདུན་ནས་མངོན་སུམ་དུ་འགྱུར་བཞིན་ཡོད། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱིས་མཚོ་སྔོན་ཞིང་ཆེན་གྱི་འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་རྣམ་པར་འགྱུར་ལྡོག་བྱུང་དུ་བཅུག་པ་དང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོབ་ཐད་ཤན་ཤུགས་ཆེན་པོ་ཐེབས་ལ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ཀྱི་ལྗང་མདོག་ཚུལ་སྒྱུར་ཐད་ནས་འཕོ་འགྱུར་ཆེན་པོ་བྱུང་ཡོད། འགྱུར་ལྡོག་དང་ཤན་ཤུགས། འཕོ་འགྱུར་དེ་དག་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བར་རག་ལས་པ་དང་། རྩ་བའི་སྟེང་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ཐད་ནས་བླངས་པའི་གྲུབ་འབྲས་གཡུར་དུ་ཟ་བ་ཡིན། ལོ་རྒྱུས་ཀྱིས་མིའི་རིགས་ཀྱིས་རྒྱལ་ཁབ་སྤྱི་གླིང་གི་རྣམ་པར་བརྟེན་ནས་རང་བྱུང་ཁམས་ཆེན་མོར་སྲུང་སྐྱོབ་བྱེད་པའི་རླབས་ཆེན་གྱི་བརྒྱུད་རིམ་ལ་བདེན་དཔང་བྱས་པ་དང་། ཀྲུང་ཧྭའི་བུ་དང་བུ་མོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ཁྲིད་སྟོན་འོག མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རླབས་ཆེན་ལག་ལེན་ལ་བདེན་དཔང་བྱས། ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེན་པོ་མངོན་པར་བྱས་ཡོད་པ་དང་། ཀྲུང་ཧྭ་མི་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་ཆེས་རྩ་ཆེ་བའི་ཁྱིམ་ནོར་ལ་སྲུང་སྐྱོབ་བྱས་ལ། བྱ་དངོས་མཐའ་དག་འཆམ་མཐུན་མཉམ་གནས་བྱེད་པའི་ཤར་ཕྱོགས་ཀྱི་བློ་གྲོས་ཕུལ་བ་དང་། སའི་གོ་ལའི་ཚེ་སྲིག་གཅིག་མཐུན་ཚོགས་པ་མཉམ་འཛུགས་བྱེད་པའི་རྒྱལ་ཁབ་ཆེན་པོའི་ཁག་ཁུར་མངོན་པར་བྱས་ཡོད། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་རྒྱུ་ནི་རང་རྒྱལ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐྱིད་སྡུག་མཉམ་མྱོང་བྱེད་པ་དང་འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་བྱེད་ཐབས་གལ་ཆེན་ཡིན་པ་དང་། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན་ལ། ང་ཚོའི་འགན་འཁྲི་ཧ་ཅང་ལྕི་བ་དང་གཟི་བརྗིད་ལྡན། ཆེད་མཁས་པ་དང་རིག་གནས་པ་ཚོས་གླེང་སྟེགས་སྟེགས་བུ་རུ་བྱེད་པ་དང་། རང་བྱུང་ཐོན་ཁུངས་རྒྱུ་ནོར་ཐོན་དབང་ལམ་ལུགས་དང་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་། སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་འགལ་རྩོད་ཐག་གཅོད་པ། རྒྱལ་ཁབ་སྤྱི་གླིང་གི་སྤྱི་ཕན་རང་བཞིན་གྱི་མཚོན་རྟགས། ཚོང་ར་ཅན་དང་སྣ་མང་ཅན་གྱི་སྐྱེ་ཁམས་ཁ་གསབ་སོགས་གནད་དོན་ལ་དམིགས་ནས། བསམ་བློ་དང་ཉམས་མྱོང་བརྗེ་རེས་བྱེད་པ་དང་མ་འོངས་བརྩོན་ལེན་བྱེད་རྒྱུའི་རེ་བ་བཅངས་ཡོད།

ཀོན་ཀྲི་ཨོ་ཡིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ཚན་རིག་གི་མཛུབ་སྟོན་འོག ང་ཚོས་མཉམ་དུ་སྒྲིག་གཞི་ཚོད་ལྟ་དང་སྐོར་ཁག་དང་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན། བར་སྟོང་གྲུབ་ཚུལ་ཇུས་གཞི་ཕྱིར་འདོན་པ་སོགས་བརྗེད་དཀའ་བ་དང་སྤྱིར་བཏང་མིན་པའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་བརྒྱུད་མྱོང་བར་མ་ཟད། མི་སེམས་འགུལ་བའི་མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས་སྐོར་ཞིག་བླངས། རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་སྟེང་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཐད་འཐབ་ཇུས་བཀོད་སྒྲིག་བྱས་ནས། དུས་རིམ་གསར་བའི་ནང་རྒྱལ་ཁབ་སྤྱི་གླིང་མྱུར་དུ་འཛུགས་སྐྲུན་བྱེད་པའི་ཐད་ཁ་ཕྱོགས་གསལ་བོ་བསྟན། རྒྱལ་ཁབ་ནགས་ལས་དང་རྩྭ་ས་ཅུའུ་ཡིས་འགན་འཁྲི་ལག་བསྟར་བཟང་བོ་བྱེད་པ་དང་། ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བ་དང་ལག་རྩལ་གསར་བའི་བཀོལ་སྤྱོད་བྱེད་ཤུགས་ཆེར་གཏོང་བ། རྒྱལ་ཁབ་སྤྱི་གླིང་བཅའ་ཁྲིམས་ཕྱིར་འདོན་པ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་བུ་རྒྱ་བསྐྱེད་པ། རྒྱལ་ཁབ་སྤྱི་གླིང་གསར་བ་འཛུགས་སྐྲུན་བྱེད་པ། རྒྱལ་ཁབ་སྤྱི་གླིང་གི་གཏམ་རྒྱུད་བཟང་བོར་བཤད་པ་དང་། ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་དེ་སྔར་ལས་ཁྱད་ཆོས་ལྡན་པ་དང་སྔར་ལས་འགུག་ཤུགས་ཡོད་པ། སྔར་ལས་རྒྱུ་སྤུས་བཟང་བར་འཛུགས་སྐྲུན་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མིང་བྱང་གསར་སྐྲུན་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ལེའུ་གསར་བ་འབྲི་རྒྱུ་ཡིན།

ཀྲང་ཐའོ་ཡིས་བཤད་རྒྱུར། རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་འཛུགས་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས་བཀོད་པའི་ཇུས་ཆོད་གལ་ཆེན་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་ཆ་གལ་ཆེན་དང་མཚོན་བྱེད་རང་བཞིན་གྱི་བྱ་སྤྱོད་ཡིན་ལ། རང་བྱུང་ཐོན་ཁུངས་ཚན་རིག་དང་མཐུན་པའི་སྒོ་ནས་སྲུང་སྐྱོབ་བྱེད་པ་དང་ལུགས་དང་མཐུན་པའི་སྒོ་ནས་བེད་སྤྱོད་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན། ཀྲུང་གོ་ཚན་རིག་གླིང་གིས་ཐེངས་འདིའི་གླེང་སྟེགས་གོ་སྐབས་སུ་བརྩིས་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མུ་མཐུད་དུ་ལག་བསྟར་ཟབ་མོ་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་དགོས་མཁོ་དང་ལས་འགན་གཙོ་བོར་དམིགས་པ། རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ཀྱི་སྔོན་གྲས་ཚན་རིག་གནད་དོན་དང་དོ་དམ་དགོས་མཁོ་གཙིགས་སུ་བཟུང་ནས་ཞིབ་འཇུག་བྱེད་པ། ལོ་ངོ་མང་པོའི་རིང་གི་ཕན་ཡོད་འཚོལ་ཞིབ་དང་ཤེས་ལྡན་མི་སྣའི་དགེ་མཚན་འདོན་སྤེལ་བྱེད་པ། རྒྱལ་ཁབ་ལས་ཁུངས་དང་ས་གནས་སྲིད་གཞུང་བར་གྱི་མཉམ་ལས་ལ་མུ་མཐུད་དུ་ཤུགས་བསྣན་ནས། མཉམ་དུ་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ལེའུ་གསར་བ་འབྲི་རྒྱུ་ཡིན།

འགོ་རྩོམ་མཛད་སྒོའི་སྟེང་། སྐོར་ཁག་དང་པོའི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་དང་རྒྱལ་ཁབ་སྤྱི་གླིང་གི་ཤེས་ཚོར་མ་ལག་གི་གྲུབ་འབྲས། རྒྱལ་ཁབ་སྤྱི་གླིང་གི་ལྟ་ཞིབ་བྱ་བའི་དོ་དམ་བྱེད་ཐབས། རྒྱལ་ཁབ་སྤྱི་གླིང་གི་ལྟ་ཞིབ་ལག་རྩལ་ཕྱོགས་སྟོན། རྒྱ་ཡིག་དང་དབྱིན་ཡིག་གི་རྒྱལ་ཁབ་སྤྱི་གླིང་དུས་དེབ་ཐོག་མ་དང་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྲུང་སྐྱོབ་གྲུབ་འབྲས་གཙོ་བོ་བཅས་ཁྱབ་བསྒྲགས་བྱས་པ་དང་། ཕུལ་བྱུང་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས། ནེའུ་ཙི་ལན་གྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་མའོ་རུའེ་དང་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའུ་ཡི་ཀྲུང་གོར་སྡོད་པའི་འཐུས་ཚབ་གཞོན་པ་ཆའོ་ཀྲན། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ལྟེ་གནས་ཀྱི་དྲུང་ཡིག་ཆེན་མོ་ཧྲི་ཀྲུང་ཅུན། འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པ་འཛམ་གླིང་འཕེལ་རྒྱས་ཀྱི་སྤྱི་ཁྱབ་ལྟ་སྐུལ་བ་ཕིའོ་ཧྲང་ཏི་བཅས་ཀྱིས་སོ་སོར་ཤིས་ཚིག་ཕུལ།

ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་དང་ལས་རིགས་སོ་སོའི་ཆེད་མཁས་པ་དང་རིག་གནས་བ་སྐོར་ཞིག འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན། ཞིང་ཆེན་གྱི་འགོ་ཁྲིད་ཝང་ལིས་མེན་དང་ཝང་ཝེ་ཏུང་། ཀྲུའུ་ཞང་ཧྥིན། ལིའུ་ཐའོ། ལིས་ཞའོ་ནན་བཅས་འགོ་རྩོམ་མཛད་སྒོར་ཞུགས།

འགོ་རྩོམ་མཛད་སྒོའི་སྔོན་དུ། ཚོགས་ཞུགས་འགོ་ཁྲིད་དང་སྐུ་མགྲོན་གྱིས་རྒྱལ་ཁབ་སྤྱི་གླིང་གི་བརྗོད་དོན་འགྲེམ་སྟོན་ལ་བལྟས།

རིན་ཆེན་མཚོས་བསྒྱུར།