ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁ་ལྷོ་མའི་ཏི་པན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་ཁུང་ཙི་སློབ་གླིང་གི་དགེ་སློབ་ཚོར་ཡིག་ལན་བསྐུར་བར་ཚུར་སྣང་ཆེན་པོ་བྱུང་།
2023.08.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཉེ་ལམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁ་ལྷོ་མའི་ཏི་པན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་ཁུང་ཙི་སློབ་གླིང་གི་དགེ་སློབ་ཚོར་ཡིག་ལན་བསྐུར་ཏེ། ཁོ་ཚོས་རྒྱ་ཡིག་སློབ་སྦྱོང་ཡག་པོ་བྱས་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་མཛའ་མཐུན་བྱ་གཞག་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་དགོས་པའི་སྐུལ་ལྕག་གནང་། ཨ་ཧྥེ་རི་ཁ་ལྷོ་མའི་ཏི་པན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་ཁུང་ཙི་སློབ་གླིང་གི་དགེ་སློབ་ཡོངས་དང་། ཨ་ཧྥེ་རི་ཁ་ལྷོ་མའི་ལས་རིགས་སོ་སོའི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཡིག་ལན་དེས་མི་རྣམས་ལ་སྐུལ་མ་ཆེན་པོ་ཐེབས་པ་དང་། ཨ་ཧྥེ་རི་ཁ་ལྷོ་མ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀའི་སློབ་གསོ་དང་རིག་གནས་བརྗེ་རེས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་ཅིང་། ཁོ་ཚོས་རྒྱལ་ཁབ་གཉིས་ཀའི་མཉམ་ལས་ལ་སྟོབས་ཤུགས་གང་ཡོད་འབུལ་རྒྱུའི་རེ་ལྟོས་བྱེད་ཀྱིན་ཡོད་ཅེས་བསྟན།

ལིན་སུན་གྱིས་ཉིས་སྟོང་བཅོ་བརྒྱད་ལོ་ནས་བཟུང་ཨ་ཧྥེ་རི་ཁ་ལྷོ་མའི་ཏི་པན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་ཁུང་ཙི་སློབ་གླིང་དུ་རྒྱ་ཡིག་སློབ་སྦྱོང་བྱས། ཉིས་སྟོང་བཅུ་དགུ་ལོར་ཁོས་ཀྲུང་གོ་རུ་དུས་ཡུན་ལོ་ངོ་གཅིག་གི་རིང་ལ་སློབ་སྦྱོང་བྱས་པ་དང་། དེང་སྐབས་ཁོ་ཏི་པན་སློབ་ཆེན་ཁུང་ཙི་སློབ་གླིང་གི་དགེ་རྒན་དུ་གྱུར་ནས། སློབ་མ་ཚོར་ཀྲུང་གོའི་མཐོང་ཐོས་མྱོང་གསུམ་བརྒྱུད་སྤྲོད་བྱེད་ཀྱིན་ཡོད། སློབ་གླིང་གི་དགེ་སློབ་ཡོངས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཕུལ་བའི་མིང་མཉམ་བཀོད་ཀྱི་ཡི་གེ་ནི་ཁོས་འགན་ཁུར་ནས་བྲིས་པ་རེད། ཁོས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ལན་འབྱོར་བར་ང་ཚོ་དགའ་སྤྲོ་ཆེན་པོས་ཁེངས་ཡོད། ངས་སྔོན་ཆད་འདི་ནས་རྒྱ་ཡིག་སྦྱངས་མྱོང་བ་དང་། ད་ལྟ་འདི་ནས་སློབ་མ་རྣམས་ལ་རྒྱ་ཡིག་འཁྲིད་བཞིན་ཡོད། ང་ད་དུང་ཀྲུང་གོར་ཐེངས་བཞིར་སོང་མྱོང་། ངས་ཤེས་བྱ་སྔར་ལས་མང་བོ་སྦྱངས་ནས། ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་ཀྱི་ན་གཞོན་སྔར་ལས་མང་བོས་ཀྲུང་གོས་རྒྱུས་ལོན་བྱེད་པ་དང་རྒྱ་ཡིག་སྦྱོང་བར་རོགས་རམ་བྱེད་འདོད་ཡོད་ཟེར། 

ཨ་ཧྥེ་རི་ཁ་ལྷོ་མའི་ཏི་པན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་ཁུང་ཙི་སློབ་གླིང་གི་སློབ་མ་ནོ་ལཱ་ཀུའུ་ཀུའུ་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ལན་འབྱོར་བར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་བར་དུ་མཛའ་བརྩེ་ཟབ་མོ་ཡོད། ངས་རྒྱ་ཡིག་ཡག་པོ་སྦྱངས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་བར་གྱི་མཛའ་མཐུན་གྱི་ཕོ་ཉ་བྱ་འདོད་ཡོད་ཟེར། 

ཨ་ཧྥེ་རི་ཁ་ལྷོ་མའི་ལས་རིགས་སོ་སོས་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཡིག་ལན་དེས། ཨ་ཧྥེ་རི་ཁ་ལྷོ་མའི་ན་གཞོན་པ་སྔར་ལས་མང་བོས་རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་ལ་སྐུལ་འདེད་གཏོང་བ་དང་མཉམ་ལས་གཉིས་ཕན་མངོན་འགྱུར་ཡོང་ཆེད་འབད་བརྩོན་བྱ་རྒྱུར་ལྕག་སྐུལ་ཐེབས་རྒྱུ་རེད་ཅེས་བཤད།

བན་དེ་སྐྱབས་ཀྱིས་བསྒྱུར།