ཝང་དབྱེ་ཡིས་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་དང་ཁ་པར་གྲོས་མོལ་བྱས།
2023.08.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱེ་ཡིས་དུས་བཅད་ལྟར་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་དང་ཁ་པར་གྲོས་མོལ་བྱས།

ཝང་དབྱེ་ཡིས་བསྟན་དོན། ད་ལོའི་ཟླ་གཉིས་པར་ཙུང་ཐུང་ལའེ་ཞི་ཡིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཀྲུང་གོ་དང་དབྱི་ལིང་གི་མཉམ་ལས་ཐད་ནས་ཐུན་མོང་གི་ལྟ་ཚུལ་གལ་ཆེན་གསར་བ་བཀོད་དེ། ཀྲུང་གོ་དང་དབྱི་ལིང་གི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་ཁྲིད་སྟོན་བྱས། ཕྱོགས་གཉིས་ཀྱིས་ཤུགས་ཆེན་པོས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཐུན་མོང་ལྟ་ཚུལ་གལ་ཆེན་དངོས་འབེབས་བྱས་ནས། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱི་ལིང་དང་མཉམ་དུ་མུ་མཐུད་དུ་ཕན་ཚུན་གྱི་ཁེ་ཕན་གཙོ་བོར་འབྲེལ་བའི་གནད་དོན་ཐད་ནས་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་པ་དང་། མཉམ་དུ་ཕྱི་ཕྱོགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་བྱེད་པ། ཕྱོགས་གཅིག་གི་བཙན་བརྙས་བྱ་སྤྱོད་བཀག་འགོག་བྱེད་པ། ཀྲུང་གོ་དང་དབྱི་ལིང་རྒྱལ་ཁབ་གཉིས་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་དང་རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

ཝང་དབྱེ་ཡིས་བཤད་རྒྱུར། དབྱི་ལིང་དང་སོ་ཏི་ཨ་རབ་ཀྱི་པེ་ཅིང་གྲོས་མོལ་རྗེས་སུ། ཕྱོགས་གཉིས་ཀྱིས་བསྟུད་མར་འབྲེལ་བ་ལེགས་བཅོས་བྱས་ནས་དབུས་ཤར་ས་ཁུལ་གྱི་གནས་བབ་གྱི་འགྲིག་མཐུན་གྱི་རླབས་རྒྱུན་ལ་སྐུལ་ཁྲིད་བྱས། ཀྲུང་གོ་ཕྱོགས་ཀྱིས་དབྱི་ལིང་གིས་ཡང་དག་པའི་ཆོད་དོན་སྤེལ་བར་གཟེངས་བསྟོད་བྱེད་པ་དང་། མུ་མཐུད་དུ་དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་སོ་སོས་རང་སྟེང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་འཚོལ་ཞིབ་བྱས་ནས། འབྲེལ་འདྲིས་གྲོས་མོལ་ལ་ཤུགས་སྣོན་དང་མཐུན་སྒྲིལ་གྱི་ཁྱིམ་མཚེས་མཛའ་མཐུན་མངོན་འགྱུར་བྱེད་པར་ཤུགས་སྣོན་བྱེད་དགོས་ཟེར།

ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་བསྟན་དོན། དབྱི་ལིང་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པ་དང་། ཀྲུང་གོའི་བར་གྱི་མཐོ་རིམ་འགྲོ་འོང་སྲུང་འཛིན་བྱས་ནས་རྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞིའི་ནང་གི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པར་རེ་སྒུག་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱི་ལིང་དང་སོ་ཏི་ཨ་རབ་ཀྱི་འབྲེལ་བ་རྒྱུན་ལྡན་དུ་འགྱུར་བར་སྐུལ་འདེད་བཏང་བར་བཀའ་དྲིན་ཞུ་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་དོན་དེའི་ཐད་འཛུགས་སྐྲུན་རང་བཞིན་ལྡན་པའི་ནུས་པ་འདོན་སྤེལ་བྱས་པར་གཟེངས་བསྟོད་ཆེན་པོ་བྱེད་བཞིན་ཡོད་ཟེར།

ཕྱོགས་གཉིས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་བམས་འཆར་བརྗེ་རེས་བྱས་པ་དང་། ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཕྱོགས་སོ་སོའི་བར་འབྲེལ་འདྲིས་བྱས་པའི་གནས་ཚུལ་གསར་བ་མཚམས་སྦྱོར་བྱས།

ཝང་དབྱེ་ཡིས་བསྟན་དོན། ཕྱོགས་ཡོངས་ཀྱི་གྲོས་མཐུན་དེའི་ཆ་ཚང་རང་བཞིན་སླར་གསོ་བྱས་ནས་ཕན་ནུས་ལྡན་པར་ལག་བསྟར་བྱས་ན། ད་གཟོད་རྩ་བའི་སྟེང་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་ཐུབ། ཀྲུང་གོ་ཕྱོགས་ཀྱིས་དབྱི་ལིང་དང་བཅས་པའི་ཕྱོགས་ཁག་སོ་སོའི་བར་གྱི་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་དེ་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་ཕན་པའི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཕྱོགས་གཉིས་ཀྱིས་ད་རུང་གསེར་གྱོམ་མཉམ་ལས་སོགས་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།