ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན། རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་གཉིས་པའི་སྟེང་། རྒྱལ་ཁབ་ནགས་ལས་དང་རྩྭ་ས་ཅུའུ་རྒྱལ་ཁབ་སྤྱི་གླིང་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཨན་ལིས་ཏན་གྱིས་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱས།
ཐེངས་འདིའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྟེང་རྒྱལ་ཁབ་ནགས་ལས་དང་རྩྭ་ས་ཅུའུ་ཡིས་རྒྱལ་ཁབ་སྤྱི་གླིང་ལྔའི་སྤྱིའི་འཆར་འགོད་ཁྱབ་བསྒྲགས་བྱས་པ་དང་། འཆར་འགོད་དུས་ཡུན་ནི་ཉིས་སྟོང་ཉེར་གསུམ་ལོ་ནས་ཉིས་སྟོང་སུམ་ཅུ་ལོའི་བར་ཡིན་ལ། འཆར་འགོད་ནང་མ་འོངས་པའི་དོ་དམ་དང་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་དོ་དམ། ཚན་རྩལ་འདེགས་སྐྱོར། སློབ་གསོའི་ཉམས་ཞིབ། འཆམ་མཐུན་གཞིས་ཁུལ་སོགས་ཕྱོགས་ཀྱི་ལས་འགན་གཙོ་བོ་བཏོན་ཡོད་པ་དང་། ལྷག་པར་དུ་ཞིབ་ཕྲའི་དམིགས་ཚད་དམིགས་འབེན་གཏན་འཁེལ་གསལ་བོ་བྱས་ཡོད།
དེའི་སྐོར་ནས་ཨན་ལིས་ཏན་གྱིས་བཤད་རྒྱུར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྤྱི་གླིང་ཐོག་མ་ཡིན་པའི་ཆ་ནས། སྒྲིག་གཞིའི་ཚོད་ལྟའི་གནས་ཐོག་མ་ནས་སྐོར་དང་པོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པའི་བར་གསར་སྐྲུན་རང་བཞིན་གྱི་བཅོས་སྒྱུར་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད་དེ་མཐོ་རིམ་ཇུས་འགོད་དང་གཞི་རིམ་གསར་གཏོད་ཟུང་འབྲེལ་བྱས་ནས། ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པ་དང་རྒྱལ་སྤྱིའི་ཉམས་མྱོང་དཔྱད་གཞིར་འཛིན་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཁྱད་ཆོས་མངོན་པར་གསལ་བའི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་གསར་གཏོད་ལམ་བུ་འཚོལ་ཞིབ་བྱས་ཡོད། རྒྱལ་ཁབ་སྤྱི་གླིང་བཙུགས་པའི་ཚུན་ལ། སྲུང་སྐྱོབ་ཀྱི་གྲུབ་འབྲས་མངོན་གསལ་ཡིན་པ་དང་ནགས་རྩྭའི་ཁེབས་ཚད་བརྒྱ་ཆའི་དོན་བཞིར་འཕར་ཡོད་ལ། གཙོད་ཀྱི་ཁ་གྲངས་ཁྲི་བདུན་ལྷག་ལ་སླར་གསོ་བྱས་ཡོད་པར་མ་ཟད། གསའ་སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་གཏན་འཇགས་དང་བདེ་ཐང་ཡིན་ཟེར།
ཨན་ལིས་ཏན་གྱིས་བཤད་རྒྱུར། མིག་སྔར། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་བར་གོ་རིམ་ལྡ་པའི་སྒོ་ནས་སྐུལ་འདེད་གཏོང་བཞིན་པའི་སྒང་ཡིན་ལ། རྒྱལ་ཁབ་སྤྱི་གླིང་བཅའ་ཁྲིམས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཉིས་སྟོང་ཉེར་གསུམ་ལོའི་ཁྲིམས་འཛུགས་བྱ་བའི་འཆར་གཞིའི་ནང་བཞག་ཡོད་པ་དང་། ད་ལོར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་པར་རེ་ཞུ་བྱེད་རྒྱུའི་གྲ་སྒྲིག་བྱས་ཡོད། བར་བརྒལ་དུས་སྐབས་ཀྱི་སྲུང་སྐྱོབ་དོ་དམ་ལ་ཤུགས་སྣོན་ཆེད། སྐོར་དང་པོའི་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་དོ་དམ་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བརྡ་སྦྱོར་དང་རྒྱལ་ཁབ་སྤྱི་གླིང་གི་གནས་སྐབས་དོ་དམ་བྱེད་ཐབས་སོགས་ཡིག་ཆ་པར་འགྲེམ་བྱས་ཡོད་པ་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་པའི་ཚད་གཞི་དང་རྒྱལ་ཁབ་སྤྱི་གླིང་སྤྱིའི་འཆར་འགོད་ཀྱི་ལག་རྩལ་སྲོལ་རིམ་སོགས་རྒྱལ་ཁབ་ཀྱི་ཚད་གཞི་ལྔ་ཕྱིར་བཏོན་ཡོད། ཀྲུང་གོ་ཚན་རིག་གླིང་དང་མཉམ་འབྲེལ་སྒོས་རྒྱལ་ཁབ་ཞིབ་འཇུག་ཁང་བཙུགས་པ་དང་། རྒྱལ་ཁབ་ནགས་རྩྭ་ཅུའུ་ཡིས་རྒྱལ་ཁབ་སྤྱི་གླིང་སོ་སོས་དེང་རབས་ཅན་གྱི་ཚན་རྩལ་བྱེད་ཐབས་སྤྱད་དེ་གནམ་ས་གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་སྐྲུན་ལ་ཁྲིད་སྟོན་བྱེད་བཞིན་ཡོད་ཟེར།
མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གླེང་སྐབས། ཨན་ལིས་ཏན་གྱིས་བཤད་རྒྱུར། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ལ་སྒྲིག་གཞིའི་ཚོད་ལྟ་བྱས་རྗེས། སྒྲིག་གཞི་ཚོད་ལྟའི་ཉམས་མྱོང་དང་འབྲེལ་ཡོད་བྱ་བར་རྨང་གཞི་ངེས་ཅན་ཞིག་ཡོད་པ་དང་། གོ་རིམ་རྗེས་མར་སྤྱིའི་འཆར་འགོད་ཀྱི་ཁྲིད་སྟོན་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་འབྲེལ་ཡོད་སྲིད་ཇུས་གྱི་མཐུན་སྦྱོར་རོགས་རེས་ལ་ཤུགས་བསྣན་ནས་རྒྱལ་ཁབ་སྤྱི་གླིང་གི་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།
ལྷ་མོ་ཚེ་རིང་གིས་བསྒྱུར།