ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“གཞི་གྲངས་དཔལ་འབྱོར་མྱུར་དུ་འཕེལ་རྒྱས་སུ་བཏང་ནས་གཞི་གྲངས་ལག་རྩལ་དང་དངོས་ཕུང་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས”ཞེས་པ་བརྗོད་དོན་དུ་བཟུང་ནས་ཆེད་དོན་སློབ་སྦྱོང་ཐེངས་གསུམ་པ་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཆེད་དོན་སློབ་སྦྱོང་ལ་མགོ་འཛིན་གནང་། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཁྲིན་ཁྲོན་གྱིས་གསལ་འགྲེལ་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་དང་ཀྲང་གོ་ཆིན། ལིའུ་གོ་ཀྲུང་བཅས་ཀྱིས་བརྗེ་རེས་གཏམ་བཤད་བྱས།
ལིས་ཆང་གིས་འཆད་ཁྲིད་དང་བརྗེ་རེས་གཏམ་བཤད་ལ་ཉན་རྗེས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་དེའི་ཐད་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་ནས། རང་རྒྱལ་གྱི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་གནང་བ་དང་། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ལ་ཁྲིད་སྟོན་གང་ལེགས་བྱས་ནས་དེ་བསྟུན་གྱི་གྲུབ་འབྲས་མངོན་གསལ་དོད་པོ་བླངས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་མཐར་ཕྱིན་དང་དེ་ལག་བསྟར་གཏིང་ཟབ་བྱས་ནས། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་གོ་སྐབས་གསར་པར་སྟངས་འཛིན་ནན་མོ་བྱས་ཏེ། གཞི་གྲངས་ཐོན་ལས་ཅན་དང་ཐོན་ལས་གྲངས་གཞི་ཅན་དུ་འགྱུར་བར་མཐུན་སྦྱོར་སྐུལ་འདེད་གང་ལེགས་གཏོང་བ་དང་། གཞི་གྲངས་ལག་རྩལ་དང་དངོས་ཕུང་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། གཞི་གྲངས་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ལྡན་དུ་གཏོང་བ་དང་སྔར་ལས་ཇེ་ལེགས་སུ་གཏོང་བ། དཔལ་འབྱོར་སྤྱིའི་ཆ་ནས་ཇེ་ལེགས་སུ་འགྲོ་བ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གང་ལེགས་གཏོང་དགོས་ཞེས་གསུངས།
ལིས་ཆང་གིས་རང་རྒྱལ་ལ་གཞི་ཁྱོན་ཆེ་བའི་ཁྲོམ་ར་དང་གྲངས་འབོར་ཆེ་བའི་གཞི་གྲངས་ཐོན་ཁུངས། ཕུན་སུམ་ཚོགས་པའི་བཀོལ་སྤྱོད་རྣམ་པ་སོགས་ཀྱི་དགེ་མཚན་གང་མང་ལྡན་པས། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ལ་མདུན་ལམ་ཆེན་པོ་ཡོད། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་སྒོས་འཆར་འགོད་འཐེན་པ་དང་ལེགས་ཆ་འདོན་སྤེལ་བྱེད་པ། བབ་བསྟུན་འཕྲལ་སྒྲུབ་བཅས་བྱས་ཏེ། འགག་རྩ་དང་ལྟེ་བའི་ལག་རྩལ་གྱི་མཁྲེགས་གཏོར་དམག་འཐབ་ཡག་པོ་རྒྱག་རྒྱུར་ཤུགས་སྣོན་པ་དང་། གཞི་གྲངས་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཐོན་ལས་གཞི་གྲངས་ཅན་དུ་བསྒྱུར་བར་མགྱོགས་མྱུར་སྐུལ་འདེད་གཏོང་བ། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞིའི་འདེགས་སྐྱོར་ནུས་པ་སྔར་ལས་ཇེ་བརྟན་དུ་གཏོང་བ། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ཐད་ཐོད་བརྒལ་གསར་བ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྡེ་ཁག་ལས་བརྒལ་བའི་མཐུན་སྦྱོར་དང་གོང་འོག་མཉམ་འགུལ་ལ་ཤུགས་སྣོན་པ། རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་ཆུ་ཚད་དང་ལྷག་པར་དུ་ལྟ་སྐུལ་དོ་དམ་གྱི་སྔོན་དཔག་རང་བཞིན་ཆེ་རུ་བཏང་ནས། གཞི་གྲངས་དཔལ་འབྱོར་གྱི་བཅོས་སྐྱོང་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ་དང་། གཞི་གྲངས་དཔལ་འབྱོར་གྱི་རྒྱལ་སྤྱིའི་མཉམ་ལས་ཁྲོད་འབད་པས་ཞུགས་ནས། རང་རྒྱལ་གྱི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ལ་ཁོར་ཡུག་བཟང་བོ་ཞིག་བསྐྲུན་དགོས་ཞེས་གསུངས།
བན་དེ་སྐྱབས་ཀྱིས་བསྒྱུར།