ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མཚན་བཀོད།
2023.08.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 45

ཉིན་འགའི་སྔོན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མཚན་བཀོད་དེ།《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་ཁྲིམས་སྲོལ་ཁག་གཅིག་ལ་བཟོ་བཅོས་དང་མེད་པར་བཟོ་རྒྱུའི་སྐོར་གྱི་གཏན་འབེབས》ཞེས་པ་ཁྱབ་བསྒྲགས་བྱས་པ་དང་། ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱས། གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》ལག་བསྟར་མཐར་ཕྱིན་བྱེད་རྒྱུ་དང་། ཁྲིམས་འཛིན་ནན་མོ་དང་ཚད་ལྡན་དྲང་གཞག་ཚུལ་མཐུན་བཅས་ཡོང་བར་སྐུལ་འདེད་གཏོང་བ། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། བཟོ་བཅོས་བརྒྱབ་ཟིན་པའི་མི་འབོར་དང་འཆར་ལྡན་བུ་སྐྱེས་སྐོར་གྱི་བཅའ་ཁྲིམས་སོགས་བཅའ་ཁྲིམས་དོན་འཁྱོལ་ནན་མོ་བྱེད་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འབྲེལ་ཡོད་ཀྱི་སྲིད་འཛིན་ཁྲིམས་སྲོལ་གཙང་བཤེར་བྱས་ཡོད། དེའི་ནང་གཙོ་བོ་འགྲོ་ལམ་སྐྱེལ་འདྲེན་སྲོལ་ཡིག་དང་རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་སྲོལ་ཡིག་སོགས་སྲིད་འཛིན་ཁྲིམས་སྲོལ་ཁག་བདུན་ལ་བཟོ་བཅོས་བརྒྱབ་པ་དང་། རྒྱ་མཚོའི་ལྟ་ཞིབ་སྔོན་བརྡའི་དོ་དམ་སྲོལ་ཡིག་དང་འཛིན་ཤོག་དོ་དམ་བྱེད་ཐབས་སོགས་སྲིད་འཛིན་ཁྲིམས་སྲོལ་ཁག་བཞི་ལ་བཟོ་བཅོས་བརྒྱབ།ཀྲུང་གོའི་སྤྱི་དམངས་ཀྱིས་བུ་ཕྲུག་གསོ་ཉར་ཐོ་འགོད་བྱེད་ཐབས་ལ་བཟོ་བཅོས་བརྒྱབ་པ་དང་། ཐ་མག་ཆེད་འཚོང་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག་ལ་བཟོ་བཅོས་བརྒྱབ་ལ། མ་བུ་བདེ་སྲུང་བཅའ་ཁྲིམས་ལག་བསྟར་བྱེད་ཐབས་ལ་བཟོ་བཅོས་བརྒྱབ། 《ཐོན་རྫས་ཀྱི་སྤུས་ཀར་ལྟ་སྐུལ་བྱ་རྒྱུའི་ཚོད་ལྟའི་ལག་བསྟར་བྱེད་ཐབས》མེད་པར་བཟོས།

བན་དེ་སྐྱབས་ཀྱིས་བསྒྱུར།