ཀྲའོ་ལི་ཅི་ཡིས་ཐཱ་ཅི་ཁི་སི་ཐན་གྱི་གྲོས་ཁང་གོང་མའི་གྲོས་དཔོན་དང་གྲོས་མོལ་མཛད།
2023.08.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐཱ་ཅི་ཁི་སི་ཐན་གྱི་གྲོས་ཁང་གོང་མའི་གྲོས་དཔོན་ལུའུ་སི་ཐཱ་མུའུ་ཨེ་མའོ་མཱ་ལི་དང་གྲོས་མོལ་མཛད།

ཀྲའོ་ལི་ཅི་ཡིས་བསྟན་དོན།   ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ལཱ་ཧི་མིན་གཉིས་ཀྱི་འཐབ་ཇུས་སྣེ་ཁྲིད་འོག་ཏུ།   ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་གྱི་འབྲེལ་བས་མཆོང་བརྒལ་རྣམ་པའི་འཕེལ་རྒྱས་མངོན་འགྱུར་བྱས།  ད་ལོའི་ཟླ་ལྔ་པར།   རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་མི་རབས་ནས་མི་རབས་བར་མཛའ་མཐུན་དང་སྐྱིད་སྡུག་མཉམ་མྱོང་།  གཉིས་ཕན་མཉམ་རྒྱལ་གྱི་ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་གྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཁྱབ་བསྒྲགས་བྱས་ནས་ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་གྱི་འབྲེལ་བའི་འཕེལ་རྒྱས་ལ་རླབས་ཆེན་གྱི་འཆར་གཞི་གསར་པ་བཀོད།   ཀྲུང་གོ་ཕྱོགས་ཀྱིས་ཐཱ་ཅི་ཁི་སི་ཐན་ཕྱོགས་དང་མཉམ་དུ།   རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བཟང་བོ་བྱེད་པ་དང་འཐབ་ཇུས་ཡིད་རྟོན་ཇེ་དྲག་ཏུ་གཏོང་བ།   དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ།   དམངས་སེམས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ།   ཐུན་མོང་གི་བདེ་འཇགས་ལ་སྲུང་སྐྱོབ་བཅས་བྱས་ནས་རྒྱལ་སྤྱིའི་མཐུན་སྦྱོར་ལ་སྐུལ་འདེད་གཏོང་འདོད་ཡོད།

ཀྲའོ་ལི་ཅི་ཡིས་གསུངས་རྒྱུར།  ཀྲུང་གོ་ཕྱོགས་ཀྱིས་ཐཱ་ཅི་ཁི་སི་ཐན་ཕྱོགས་ཀྱིས་དུས་ཡུན་རིང་བོར་ཐའེ་ཝན་དང་ཞིན་ཅང་།   ཞང་ཀང་།  འགྲོ་མིའི་ཐོབ་ཐང་སོགས་ཀྲུང་གོ་ཕྱོགས་ཀྱི་སྲོག་ཤིང་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་སྟེང་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོབ་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ལ།  སྔར་སྲོལ་བཞིན་ཐཱ་ཅི་ཁི་སི་ཐན་ཕྱོགས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་པར་རྒྱབ་སྐྱོར་བྱེད་ངེས།    ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་གྱིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱས་ཏེ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད།   དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་།  ཕན་ཚུན་མཉམ་འབྲེལ་མཉམ་མཐུད་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ་གཞི་གྲངས་དཔལ་འབྱོར་སོགས་གསར་གཏོད་ཁྱབ་ཁོངས་ཀྱི་མཉམ་ལས་འགོ་རྩོམ་པ་དང་།    ས་གནས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་མི་རབས་ནས་མི་རབས་བར་མཛའ་མཐུན་བྱེད་པའི་དམངས་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་བ།  དུག་རྫས་ནག་ཉེས་ལ་རྡུང་རྡེག་གཏོང་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་གཏོགས་བྱེད་པར་མཉམ་དུ་སྔོན་འགོག་བྱས་ཏེ་ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་རེ་བཞིན་ཡོད།

ཀྲའོ་ལི་ཅི་ཡིས་བསྟན་དོན།  ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་ཐཱ་ ཅི་ཁི་སི་ཐན་གྲོས་ཁང་དང་མཉམ་དུ་རང་སྟེང་གི་འགན་ནུས་འགན་འཁྲིར་རྐང་འཛུགས་པ་དང་རིམ་པ་སོ་སོའི་བརྗེ་རེས་ལ་ཤུགས་སྣོན་པ།   ཁྲིམས་འཛུགས་ལྟ་སྐུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་བཅས་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་སྟོབས་དང་ལྡན་པའི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད།

ལུའུ་སི་ཐཱ་མུའུ་ཡིས་བསྟན་དོན།    ཐཱ་ཅི་ཁི་སི་ཐན་དང་ཀྲུང་གོ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བས་རྒྱལ་ཁབ་གཉིས་ཀྱི་ཁྱིམ་མཚེས་མཛའ་མཐུན་དང་གཉིས་ཕན་མཉམ་རྒྱལ་ཐད་བར་སྟོང་ཆེན་པོ་འདོན་སྤྲོད་བྱས།   ཐཱ་ཅི་ཁི་སི་ཐན་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་དམ་སྲུང་བྱེད་ངེས།   ཐཱ་ཅི་ཁི་སི་ཐན་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་གྱི་མཛའ་མཐུན་བརྗེ་རེས་ལ་ཤུགས་བསྣན་ནས་ཐཱ་ཅི་ཁི་སི་ཐན་དང་ཀྲུང་གོ་གཉིས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བར་འབད་འཐབ་ལྷོད་མེད་བྱེད་འདོད་ཡོད།

གྲོས་མོལ་གྱི་རྗེས་སུ།   ཀྲའོ་ལི་ཅི་དང་ལུའུ་སི་ཐཱ་མུའུ་གཉིས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་ཐཱ་ཅི་ཁི་སི་ཐན་གྱི་གྲོས་ཁང་གོང་མའི་མཉམ་ལས་གྲོས་མཐུན་བཀོད་པར་མ་ཟད།   འབྲེལ་ཡོད་ཁྱབ་ཁོངས་ཀྱི་མཉམ་ལས་གྲོས་མཐུན་བཀོད་པར་བདེན་དཔང་བྱས།

ཀྲང་ཆིན་ཝེ་གྲོས་མོལ་ལ་ཞུགས།

                                                                                                          ལྷ་མོ་ཚེ་རིང་གིས་བསྒྱུར།