མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་བདེ་སྲུང་སོགས་ཀྱི་འགྲན་སྡུར་རྣམ་གྲངས་དེ་རྩལ་ནུས་འགྲན་སྡུར་ཁྲོད་བཞག
2023.08.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཏང་གི་གསར་གཏོད་གཞུང་ལུགས་དེ་བྱ་བ་བཟང་བོར་སྒྲུབ་པའི་བསམ་ཕྱོགས་གསར་བ་དང་བྱེད་ཐབས་གསར་བ་རུ་བསྒྱུར་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། འགན་འཁྲི་ལག་བསྟར་བྱེད་པའི་ནུས་པ་དང་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་སུ་བཏང་སྟེ། ལས་བཟོ་པ་དང་མང་ཚོགས་ཡིད་ཚིམ་པའི་བྱ་བའི་གྲུབ་འབྲས་བསྐྲུན།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དོ་སྲུང་པ་ཁྲི་གཅིག་དང་སྟོང་བདུན་སུམ་བརྒྱར་སྐོར་སྲུང་ལྭ་བ་བྱིན་པ་དང་། བཟོ་ཚོགས་ནགས་ཚལ་དང་ངལ་རྩོལ་དཔེ་ལེགས་ཅན་གྱི་ནགས་ཚལ། ཀའོ་མེན་དབྱིའི་བརྩེ་ལྡན་དཔུང་སྡེའི་སྤྱི་ཕན་ནགས་ཚལ་འཛུགས་སྐྲུན་བྱས་ཏེ། གནད་ས་ཆུང་བ་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བྱ་བ་གཙོ་བོའི་ཁྲོད་འདྲེས་པར་བྱས། ཞིང་ཆེན་རིམ་པའི་ངལ་རྩོལ་དཔེ་ལེགས་ཅན་གྱི་ལུས་གསོ་རྟེན་གཞི་ཉེར་བཞི་བཙུགས་པ་དང་། ངལ་རྩོལ་དཔེ་ལེགས་ཅན་གྱི་ལུས་གསོ་ཐོན་ཁུངས་ངོ་སྤྲོད་བྱ་འགུལ་ཐོག་མ་སྤེལ་ནས། རྒྱལ་སྤྱིའི་ཡུལ་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱས། རྒྱལ་ཡོངས་ཉི་འོད་ནུས་པའི་ལས་བཟོ་པའི་རྩལ་ནུས་འགྲན་སྡུར་སྐབས་དང་པོ་དང་མཚོ་སྔོན་ཞིང་ཆེན་ཉི་འོད་ནུས་པའི་ལས་རིགས་རྩལ་ནུས་འགྲན་སྡུར་སྐབས་གཉིས་བསྡུས་ཏེ། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱས། ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་བཟོ་རྩལ་རྩལ་ནུས་འགྲན་སྡུར་སྤེལ་ནས། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་འཛུགས་སྐྲུན་ཐད་རོགས་འདེགས་བྱས། ཚད་གཞི་མཐོ་བའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་འཐེན་ཐུག་ལས་རིགས་ལས་བཟོ་པའི་ལས་རིགས་རྩལ་ནུས་འགྲན་སྡུར་སྐབས་བཞི་པ་བསྡུས་ཏེ། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་སྤེལ་བྱ་བར་སྐུལ་འདེད་བཏང་།

ལས་བཟོ་པར་ཞབས་འདེགས་ཞུ་བའི་ཁྲོད་ཀྱི་ཞན་ཆ་ཁ་གསབ་བྱས་པ་དང་། མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་བཏང་ནས་དྲོད་ལྡན་ཞོགས་ཟས་སོགས་བཟོ་ཚོགས་ཞབས་ཞུའི་ལས་གཞི་སྤུས་འདེགས་ནུས་སྤེལ་བྱེད་པར་སྐུལ་འདེད་བཏང་ལ། ཞིང་ཆེན་དང་པུའུ་རིམ་པའི་ངལ་རྩོལ་དཔེ་ལེགས་ཅན་སྟོང་གཉིས་དང་སུམ་བརྒྱ་ཉེར་གཅིག་ལ་ཁ་གསབ་རོགས་དངུལ་སྒོར་བྱེ་བ་གཅིག་དང་འབུམ་ལྔ་ཁྲི་བརྒྱད་བྱིན། ངལ་རྩོལ་དཔེ་ལེགས་ཅན་དང་ཕུལ་བྱུང་ལས་བཟོ་བའི་སྨན་བཅོས་ལུས་གསོ་ཐད་རོགས་དངུལ་སྒོར་ས་ཡ་བདུན་དང་ཁྲི་གཉིས་བཏང་སྟེ། ལས་བཟོ་བའི་སྨན་བཅོས་རོགས་རེས་འགན་སྲུང་འཆར་གཞི་ཁྲོད་ཞུགས་པའི་སྡེ་ཁག་དང་རོགས་རེས་འགན་སྲུང་ལ་ཞུགས་པའི་ལས་བཟོ་བས་མཆོང་བརྒལ་གསར་བ་མངོན་འགྱུར་བྱས་པ་དང་། ཞིང་བ་ཞོར་ལས་པ་ཁྲི་གཉིས་དང་ལས་ཞུགས་རྣམ་པ་གསར་བའི་ངལ་རྩོལ་པར་རིན་མ་བླངས་པར་ལུས་དཔྱད་བྱས་པ་དང་། བསིལ་སྐྱེལ་བྱ་འགུལ་གཏིང་ཟབ་ཏུ་སྤེལ།

ཆེད་སྤྱོད་སྔོན་རྩིས་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་བཀོད་སྒྲིག་བྱས་ནས། རྫོང་རིམ་པའི་བཟོ་ཚོགས་ཀྱི་ཤུགས་སྣོན་ལོའི་ཆེད་སྤྱོད་བྱ་བར་སྐུལ་འདེད་བཏང་། ཞིང་ཆེན་རིམ་པའི་སྤྱི་ཚོགས་ཅན་གྱི་བཟོ་ཚོགས་བྱ་བ་སྒྲུབ་མཁན་སུམ་བརྒྱ་དང་ཞེ་བཞི་ཡང་བསྐྱར་གཅིག་འདོམས་བཀོད་སྒྲིག་བྱས་ཏེ། གཞི་རིམ་བཟོ་ཚོགས་ལ་མི་སྣ་དཀོན་པའི་གནད་དོན་ཐག་བཅད། ཆེད་སྤྱོད་མ་དངུལ་སྒོར་ས་ཡ་དྲུག་དང་འབུམ་གཅིག་ཁྲི་གཅིག་བཀོད་སྒྲིག་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་བཞི་བརྒྱ་དང་བཞི་ཡི་བཟོ་ཚོགས་བྱ་བར་རྒྱབ་སྐྱོར་བྱས་པ་དང་། མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་བདུན་བཏང་སྟེ་ལས་བཟོ་པའི་བྱ་འགུལ་སྤེལ་ས་གསུམ་བཙུགས་ལ། རྫོང་རིམ་པའི་མན་གྱི་བཟོ་ཚོགས་ཀྱི་ལས་བྱེད་པ་སྟོང་དྲུག་ལྷག་ལ་གསོ་སྦྱོང་བྱས། འབྲེལ་ཡོད་སྡེ་ཁག་ལ་མཐུན་སྦྱོར་བྱས་ནས། དངོས་སྐྱེལ་བཟོ་ཚོགས་དང་འཐེན་ཐུག་ཐོན་ལས་ལས་རིགས་མཐུན་ཚོགས་བཟོ་ཚོགས་བཙུགས། འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ། བདེ་སྲུང་དང་དངོས་སྐྱེལ་པ། ཁྱིམ་ལས་ཞབས་ཞུ་སོགས་སྤྱིར་དབང་མིན་པའི་ཁེ་ལས་ཀྱི་འགྲན་སྡུར་རྣམས་གྲངས་དེ་ཞིང་ཆེན་ཡོངས་ཀྱི་ལས་བཟོ་པའི་ལས་རིགས་རྩལ་ནུས་འགྲན་སྡུར་ཁྲོད་བཞག

རིན་ཆེན་མཚོས་བསྒྱུར།