ཞི་ཅིན་ཕིང་ཡུའེ་ཧན་ནེ་སི་པའོ་རུ་འབྱོར་ནས་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅོ་ལྔ་པར་ཞུགས་པ་དང་ཨ་ཧྥེ་རི་ཁ་ལྷོ་མར་རྒྱལ་དོན་འཚམས་འདྲི་མཛད་འགོ་བརྩམས།
2023.08.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

ས་དེའི་ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཡུའེ་ཧན་ནེ་སི་པའོ་རུ་འབྱོར་ནས། གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅོ་ལྔ་པར་ཞུགས་པར་མ་ཟད། ཨ་ཧྥེ་རི་ཁ་ལྷོ་མར་རྒྱལ་དོན་འཚམས་འདྲི་མཛད་འགོ་བརྩམས།

དགོང་མོའི་དུས་ཚོད་བཅུ་གཅིག་ཙམ་ལ་ཞི་ཅིན་ཕིང་བཞུགས་པའི་ཆེད་བཏང་གནམ་གྲུ་ཡུའེ་ཧན་ནེ་སི་པའོ་རྒྱལ་སྤྱིའི་གནམ་ཐང་དུ་བདེ་བར་འབྱོར་ནས། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མ་ཧྥུའུ་སཱ་ཡིས་ཕྱི་འབྲེལ་པུའུ་ཀྲང་ཕན་ཏོར་གྱི་སྣེ་ཁྲིད་དེ། པུའུ་ཀྲང་དང་ཙུང་ཐུང་ལས་ཤག་གི་བུད་མེད། ན་གཞོན་པུའུ་ཀྲང་ཙུའུ་མཱ་སོགས་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་དང་མཉམ་དུ། གནམ་གྲུའི་སྐས་འགྲམ་དུ་སྤྲོ་སེམས་འཁོལ་བའི་ངང་ཕེབས་བསུ་ཞུས། ཨ་ཧྥེ་རི་ཁ་ལྷོ་མའི་བུད་མེད་ཀྱིས་ཞི་ཅིན་ཕིང་ལ་མེ་ཏོག་ཕུལ་བ་དང་། གུས་དམག་གིས་མེ་མདའ་ཐོགས་ནས་གུས་འདུད་ཞུས། མི་རིགས་ཀྱི་གྱོན་ཆས་གྱོན་པའི་མང་ཚོགས་རྣམས་ཀྱིས་དགའ་སྤྲོའི་བྲོ་གར་འཁྲབ།

ལཱ་མ་ཧྥུའུ་སཱ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་ཧྥེ་རི་ཁ་ལྷོ་མར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པ་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། ཞི་ཅིན་ཕིང་གིས་ངས་ཡང་བསྐྱར་ཨ་ཧྥེ་རི་ཁ་ལྷོ་མར་རྒྱལ་དོན་འཚམས་འདྲི་བྱེད་ཐུབ་པར་ཧ་ཅང་དགའ་སྤྲོ་སྐྱེས། ཁྱེད་དང་ལྷན་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་བར་གྱི་འབྲེལ་བ་དང་དེ་བཞིན་ཐུན་མོང་གི་དོ་ཁུར་བྱེད་ཡུལ་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་གཏིང་ཟབ་བྱ་རྒྱུའི་རེ་ལྟོས་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་གནམ་ཐང་དུ་ཡིག་ཐོག་གསུང་བཤད་གནང་ནས། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་མཛད་དེ། ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས། ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་བར་འབྲེལ་བ་བཙུགས་ནས་ལོ་ཉེར་ལྔ་འཁོར་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་དེ་དུས་རིམ་གསར་བ་ཞིག་ཏུ་སླེབས་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་ཕྱིན་པ་དེས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་མ་ཟད། ཟང་ཟིང་ཅན་དུ་ཕྱོགས་པའི་འཛམ་གླིང་ལ་བརྟན་འཇགས་རང་བཞིན་སྔར་ལས་གང་མང་བསྣན་ཡོད། ཕྱོགས་གཉིས་ཀའི་ཐུན་མོང་འབད་བརྩོན་ལ་བརྟེན་ནས། ངའི་ད་ཐེངས་ཀྱི་འཚམས་འདྲི་འདི་བདེ་ལེགས་ཡོང་བར་ཡིད་ཆེས་ཆེན་པོ་ཡོད་ཅེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་སྟེགས་བུ་གལ་ཆེན་ཞིག་ཡིན་པའི་གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ་འདི། འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དུ་དགེ་མཚན་ལྡན་པའི་སྟོབས་ཤུགས་ཤིག་ཏུ་གྱུར་ཡོད། ཐེངས་འདིའི་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་འདི་ཉིད་གསེར་གྱོམ་མཉམ་ལས་ལམ་སྲོལ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་རྒྱུ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་ཐུབ་པའི་ཡིད་ཆེས་ཡོད། ང་ད་དུང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་པའི་གྲོས་མོལ་ཚོགས་འདུར་ཞུགས་ནས། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་ལྷན་དུ་མཉམ་ལས་ཀྱི་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་བྱེད་པ་དང་མཉམ་དུ་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་པ། མཉམ་དུ་འཛམ་གླིང་ཞི་བདེར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན་ཞེས་གསུངས།

ཚའེ་ཆི་དང་ཝང་དབྱི་སོགས་ཕེབས་རོགས་མི་སྣ་མཉམ་དུ་དམིགས་སར་འབྱོར།

ཨ་ཧྥེ་རི་ཁ་ལྷོ་མར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁྲིན་ཞའོ་ཏུང་གིས་ཀྱང་གནམ་ཐང་ནས་ཕེབས་བསུ་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།