ཧན་ཀྲིན་གྱིས་ཐཱ་ཅི་ཁི་སི་ཐན་གྱི་གྲོས་ཁང་གོང་མའི་གྲོས་དཔོན་ལ་མཇལ་འཕྲད་གནང་།
2023.08.23 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 12

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཚེས་ཉེར་གཉིས་ཉིན་པེ་ཅིང་དུ་ཐཱ་ཅི་ཁི་སི་ཐན་གྱི་གྲོས་ཁང་གོང་མའི་གྲོས་དཔོན་ལུའུ་སི་ཐཱ་མུའུ་ཨེ་མའོ་མཱ་ལིས་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་བསྟན་དོན།   ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ལཱ་ཧི་མིན་གཉིས་ཀྱི་འཐབ་ཇུས་སྣེ་ཁྲིད་འོག་ཏུ།  ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་གྱི་འབྲེལ་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་བྱུང་བ་དང་།   ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ།   ཀྲུང་གོ་ཕྱོགས་ཀྱིས་ཐཱ་ཅི་ཁི་སི་ཕན་ཕྱོགས་དང་མཉམ་དུ།   རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པ་དང་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ།   ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།   དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ།   བདེ་འཇགས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ།  རྒྱལ་སྤྱིའི་མཐུན་སྦྱོར་ལ་ཤུགས་སྣོན་པ། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་བདེ་འཇགས་དང་འཕེལ་རྒྱས་ཁེ་ཕན་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ།  ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་བར་གྱི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་ཀ་ཐུན་མོང་འཕེལ་རྒྱས་དང་དར་རྒྱས་འགྲོ་བར་རོགས་འདེགས་བྱེད་འདོད་ཡོད།

ཧན་ཀྲིན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པ་དང་།  ཀྲུང་གོ་ཕྱོགས་ཀྱིས་ཐཱ་ཅི་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གོ་སྐབས་སྤྱད་དེ་རང་རྒྱལ་ཁབ་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པར་དགའ་བསུ་བྱེད་པའི་ཚུལ་བསྟན།

ལུའུ་སི་ཐཱ་མུའུ་ཨེ་མའོ་མཱ་ལིས་ཀྱིས་བསྟན་དོན།   ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ནི་ཐཱ་ཅི་ཁི་སི་ཐན་གྱི་ཕྱི་ཕྱོགས་འབྲེལ་བའི་ཁ་ཕྱོགས་གཙོ་བོ་ཡིན་པ་དང་།  ཐཱ་ཅི་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་རྒྱལ་སྤྱིའི་གར་སྟེགས་སྟེང་གི་ཡིད་རྟོན་རུང་བའི་སྤུན་ཟླར་བརྩི་བཞིན་ཡོད་ལ།    རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ་ཐཱ་ཅི་ཁི་སི་ཐན་དང་ཀྲུང་གོ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

                                                                                                 ལྷ་མོ་ཚེ་རིང་གིས་བསྒྱུར།