རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས་ཉེར་གཉིས་ཉིན་པེ་ཅིང་དུ་ཧང་ག་རིའི་རྒྱལ་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་མཱ་ཐི་ལའོ་དབྱིན་ལ་མཇལ་འཕྲད་གནང་།
ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་དང་ཧང་ག་རི་བར་འབྲེལ་བ་བཙུགས་ནས་ལོ་དོན་བཞི་འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བདེ་ཐང་བརྟན་འཇགས་ངང་འཕེལ་རྒྱས་སུ་སོང་། ལྷག་པར་དུ་ཉིས་སྟོང་བཅུ་བདུན་ལོར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་ཨུའོ་ཨར་པན་གཉིས་ཀྱིས་ཀྲུང་གོ་དང་ཧང་ག་རིའི་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་མཉམ་དུ་ཁྱབ་བསྒྲགས་བྱས་རྗེས་རྒྱལ་ཁབ་ཀྱི་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་ལོ་རྒྱུས་ཀྱི་ཆེས་བཟང་བོའི་དུས་སྐབས་སུ་སླེབས། ཆབ་སྲིད་ཡིད་རྟོན་ནི་ཀྲུང་གོ་དང་ཧང་ག་རིའི་འབྲེལ་བའི་སྲ་ཞིང་བརྟན་པོའི་རྨང་གཞི་ཡིན་པ་དང་། དངོས་གཉེར་མཉམ་ལས་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུ་རྡོ་ལྟ་བུ་ཡིན་ལ། མི་གཞུང་བརྗེ་རེས་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕན་ཚུན་ཤེས་རྟོགས་དང་རྒྱུས་ལོན་བྱེད་པའི་འབྲེལ་ཐག་ལྟ་བུ་ཡིན། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་ཧང་ག་རིའི་རྒྱལ་ཚོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པ་དང་། ཁྲིམས་འཛུགས་ལྟ་སྐུལ་དང་ཁོར་ཡུག་སྲུང་སྐྱོབ་སོགས་ལ་དམིགས་ཏེ་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་བཅའ་ཁྲིམས་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད།
མཱ་ཐི་ལའོ་དབྱིན་གྱིས་བཤད་རྒྱུར། ཧང་ག་རི་དང་ཀྲུང་གོ་གཉིས་ཀྱི་མཛའ་བརྩེའི་རྒྱུན་རིང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས་ཧང་ག་རི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་གཏིང་ཟབ་ཏུ་གཏོང་རྒྱུར་རེ་བཞིན་ཡོད།
ལྷ་མོ་ཚེ་རིང་གིས་བསྒྱུར།