ལིས་ཆང་གིས་ཨ་མེ་རི་ཁ་དང་ཀྲུང་གོའི་ཉོ་ཚོང་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་ཐད་ནས་ཀྲུང་གོར་འཚམས་འདྲི་ཡོང་བའི་ཚོགས་པར་མཇལ་འཕྲད་གནང་།
2023.08.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་དུ། ཨ་མེ་རི་ཁ་དང་ཀྲུང་གོའི་ཉོ་ཚོང་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་ཐད་ནས་ཀྲུང་གོར་འཚམས་འདྲི་ཡོང་བའི་ཚོགས་པར་མཇལ་འཕྲད་གནང་།

ལིས་ཆང་གིས་ཨ་མེ་རི་ཁ་དང་ཀྲུང་གོའི་ཉོ་ཚོང་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་ལྔ་བཅུ་འཁོར་བར་རྟེན་འབྲེལ་ཞུས་ནས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་འབྲེལ་བའི་ངོ་བོ་ནི་གཉིས་ཕན་གཉིས་རྒྱལ་ཡིན་པས། རྒྱལ་ཁབ་གཉིས་ཀའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་དཔལ་འབྱོར་འབྲེལ་བར་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་དེ་ནི། ཕྱོགས་གཉིས་ཀའི་ཐུན་མོང་གི་ཁེ་ཕན་དང་མཐུན། མིག་སྔར། ཀྲུང་གོ་དང་ཨ་མེ་རི་ཁའི་བར་གྱི་འབྲེལ་བ་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་འདི་ཉིད་དཀའ་ངལ་དུ་མར་འཕྲད་ཡོད་པས། མཐུན་པའི་ཕྱོགས་སུ་བསྐྱོད་དེ་མཉམ་དུ་འབད་བརྩོན་བྱེད་དགོས། ཀྲུང་གོས་སྒོ་མོ་འབྱེད་རྒྱ་ཇེ་ཆེར་གཏོང་བ་དང་ཁྲོམ་རར་མུ་མཐུད་ཞུགས་ཚད་རྒྱ་བསྐྱེད་ནས། ཕྱི་རྒྱལ་གྱི་དངུལ་གཏོང་ཁེ་ལས་ཀྱི་རྒྱལ་དམངས་ཐོབ་ཐང་དོན་འཁྱོལ་ཡག་པོ་བྱ་རྒྱུ་ཡིན། ཨ་མེ་རི་ཁ་དང་ཀྲུང་གོའི་ཉོ་ཚོང་ཨུ་ཡོན་ལྷན་ཁང་གིས་མུ་མཐུད་དུ་རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་མཉམ་ལས་ཀྱི་ཕོ་ཉ་ཡག་པོ་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་ཁེ་ལས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་གཉིས་ཀའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་འདོན་རྒྱུའི་རེ་བ་ཡོད་ཅེས་གསུངས།

ཨ་མེ་རི་ཁ་ཕྱོགས་ཀྱི་མི་སྣས་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་ཨུ་ཡོན་ལྷན་ཁང་གིས་བདེ་ཐང་དང་བརྟན་ལྷིང་གི་ཉོ་ཚོང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས། ཀྲུང་གོ་སྲིད་གཞུང་གིས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་ནས་བརྡ་གསལ་བོ་བཏང་བར་དགའ་བསུ་ཞུས་པ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་བཟོ་ཚོང་ལས་རིགས་ལ་སྔར་ལས་ལྷག་པའི་གཏན་འཁེལ་རང་བཞིན་ལྡན་པར་བྱས་ནས། རྒྱལ་ཁབ་གཉིས་ཀའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་ལྟོས་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།