སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར་པེ་ཅིང་དུ་ཚོགས་མགོ་བརྩམས་ཏེ། ཚན་རྩལ་གསར་གཏོད་མ་ལག་འཐུས་ཚང་དུ་བཏང་ནས་གསར་གཏོད་སྒུལ་ཤུགས་འཕེལ་རྒྱས་འཐབ་ཇུས་མྱུར་དུ་ལག་བསྟར་བྱེད་པར་དམིགས་ནས་གྲོས་མོལ་སྲིད་གླེང་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོར་མགོ་འཛིན་མཛད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གདན་ཞུས་ལྟར་གྲོས་ཚོགས་ལ་ཞུགས་ནས་སྙན་ཞུ་ཕུལ།
ཏེན་ཞོུའེཞང་གིས་སྙན་ཞུ་ལས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཚན་རྩལ་གསར་གཏོད་བྱ་བར་མཐོང་ཆེན་བྱས་ཤིང་། གསར་གཏོད་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་གོ་གནས་གཙོ་བོར་བཞག་ནས། རང་རྒྱལ་གྱི་ཚན་རྩལ་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། ལོ་རྒྱུས་རང་བཞིན་གྱི་བཅོས་སྒྱུར་བྱས་ཏེ། གསར་གཏོད་རྣམ་པ་ཅན་གྱི་རྒྱལ་ཁབ་ཀྱི་གྲས་སུ་ཚུད་ཡོད། དུས་རབས་གསར་བའི་སྐྱོད་ལམ་གསར་བའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་གསར་གཏོད་སྐོར་གྱི་རྣམ་བཤད་གལ་ཆེན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། ཕྱོགས་ཡོངས་ནས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། ཚད་མཐོ་བའི་ཆབ་སྲིད་འགན་འཁྲིའི་འདུ་ཤེས་དང་ལོ་རྒྱུས་ཀྱི་འགན་འཁྲིའི་འདུ་ཤེས་ཀྱིས་ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་སྟོབས་རང་སྤེལ་ལ་མྱུར་མོར་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འཐབ་ཇུས་གཞོགས་འདེགས་བརྟན་པོ་འདོན་སྤྲོད་བྱེད་དགོས།
ཏེན་ཞུའེ་ཞང་གིས་ནན་གྱིས་བསྟན་དོན། ཀྲུང་གུང་ཀྲུང་དབྱང་གི་ལས་ཁུངས་བཅོས་སྒྱུར་སྐོར་གྱི་བཀོད་སྒྲིག་གལ་ཆེན་ལག་ལེན་དངོས་འབེབས་བྱེད་པ་དང་། ཀྲུང་གུང་ཀྲུང་དབྱང་གི་ཚན་རྩལ་བྱ་བའི་གཅིག་བསྡུས་གཅིག་གྱུར་མགོ་ཁྲིད་ལ་ཤུགས་སྣོན་བྱས་ནས། རྣམ་པ་གསར་བའི་རྒྱལ་ཁབ་ཀྱི་སྒྲིག་ལུགས་འཐུས་ཚང་དུ་གཏོང་དགོས། ཚན་རྩལ་བྱ་བའི་ལས་རིམ་གཙོ་བོའི་གཅིག་འདོམས་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་ཀྱི་ཚན་རྩལ་འཆར་འགོད་དང་འཆར་གཞིའི་མ་ལག་འཐུས་ཚང་དུ་གཏོང་བ། ཚན་རྩལ་གསར་གཏོད་ཐོན་ཁུངས་ཀྱི་གཅིག་འདོམས་ལ་ཤུགས་སྣོན་བྱས་ནས་འཐུས་སྒོ་ཚང་བའི་ཚན་རྩལ་སྲིད་ཇུས་མ་ལག་ཆགས་པར་བྱེད་དགོས། རྒྱལ་ཁབ་ཀྱི་ཚན་རྩལ་འཐབ་ཇུས་ཆེན་མོའི་ལས་འགན་རྩ་འཛུགས་དང་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། ལས་གཞིའི་བཀོད་སྒྲིག་དང་རྩ་འཛུགས་ལག་བསྟར། ལྟ་རྟོག་དཔྱད་འཇོག་སོགས་དམ་འཛིན་བྱས་ཏེ་བཀག་སྡོམ་གྱི་དོ་དམ་རྣམ་པ་ཆགས་པར་བྱེད་དགོས།
ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཚུན་གྱི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་དམངས་གཙོ་ལྟ་སྐུལ་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་ལག་བསྟར་བསམ་འཆར་མ་ཡིག་དང་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱིས་ལས་རིགས་གཞན་པའི་མང་ཚོགས་ལ་འབྲེལ་གཏུག་བྱེད་པའི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བའི་བསམ་འཆར་མ་ཡིག་བྲིས་པའི་གནས་ཚུལ་སྐོར་གྱི་གསལ་བཤད་ལ་ཉན།
གྲོས་ཚོགས་ནས་ད་རུང་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་བཟོ་སྐྲུན་ལས་རིགས་རྩེར་སོན་ཅན་དང་རིག་ནུས་ཅན། ལྷད་མེད་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་གྱི་བསྟུད་ནུས་དང་བདེ་འཇགས་ཆུ་ཚད་མཐོར་འདེགས་བྱེད་པ། གནད་འགག་ལག་རྩལ་གཙོ་བོའི་མཁྲེགས་གཏོར་གྱི་རྣམ་པ་གསར་བའི་རྒྱལ་ཁབ་ཀྱི་སྒྲིག་ལུགས་འཐུས་ཚང་དུ་གཏོང་བ། ཀོང་ཏུང་དང་ཞང་ཀང་། ཨོ་མིན་བཅས་ཀྱི་མཚོ་ཁུགས་ཆེན་མོའི་ས་ཁུལ་ནས་འཚོ་སྡོད་དང་ལས་སྤེལ། གནས་སྐོར་བཅས་ལ་འཚམ་པའི་སྤུས་ལེགས་འཚོ་བའི་ས་ཁོངས་འཛུགས་སྐྲུན་བྱེད་པ། འཇོན་མིའི་རྒྱལ་སྤྱིའི་བརྗེ་རེས་ལ་ཤུགས་སྣོན་བྱས་ཏེ་འཛམ་གླིང་གི་གལ་ཆེ་བའི་གསར་གཏོད་མཐོ་ས་མྱུར་དུ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་རྟོག་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་དྲུང་ཡིག་ཆེན་མོ་ཝང་ཏུང་ཧྥུན་སོགས་ཀྱིས་སོ་སོར་འབྲེལ་ཡོད་གྲོས་གཞིའི་ཐད་ནས་གསལ་བཤད་དང་སྙན་ཞུ་ཕུལ།
བསོད་ནམས་ཚེ་རིང་གིས་བསྒྱུར།