ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་དང་ལྷན་དུ་གསར་འགོད་པར་མཇལ་འཕྲད་གནང་།
2023.08.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ས་དེའི་དུས་ཚོད་ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པིས་ལི་ཐའོ་ལིས་ཡ་ཙུང་ཐུང་ལས་ཤག་ཏུ། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མ་ཧྥུའུ་སཱ་དང་གྲོས་མོལ་གནང་རྗེས། མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཙུང་ཐུང་ལཱ་མ་ཧྥུའུ་སཱ་ཡིས་གདན་དྲངས་པ་ལྟར་དུ། མཛེས་སྡུག་ལྡན་པའི་ཨ་ཧྥེ་རི་ཁ་ལྷོ་མར་སླར་ཡང་རྒྱལ་དོན་འཚམས་འདྲིར་ཡོང་བར་ཧ་ཅང་དགའ་སྤྲོ་སྐྱེས། འདི་ནི་ངས་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་མིང་ཐོག་ནས་ཨ་ཧྥེ་རི་ཁ་ལྷོ་མར་རྒྱལ་དོན་འཚམས་འདྲི་བྱེད་ཐེངས་བཞི་པ་ཡིན། ད་ལོ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་བར་འབྲེལ་བ་བཙུགས་ནས་ལོ་ཉེར་ལྔ་འཁོར་བའི་ལོ་ཡིན། ལོ་ཉེར་ལྔའི་རིང་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་བར་གྱི་འབྲེལ་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་མཐོ་ཚད་གསར་པ་ཞིག་ཏུ་སླེབས་ཡོད་ལ། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཁྱོན་ཡོངས་ནས་སྐུལ་འདེད་ཐེབས་པར་མ་ཟད། ཕྱོགས་མང་མཉམ་ལས་སྔར་ལས་དམ་ཟབ་ཅན་དུ་གྱུར་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་བར་གྱི་འབྲེལ་བ་དེ་ཕྱོགས་གཉིས་ཀའི་ཁྱབ་ཁོངས་ལས་བརྒལ་ནས་འཐབ་ཇུས་ཀྱི་དོན་སྙིང་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་ཤུགས་རྐྱེན་ཆེན་པོ་ལྡན། ང་དང་ཙུང་ཐུང་ལཱ་མ་ཧྥུའུ་སཱ་གཉི་གས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་ཁབ་གཉིས་ནི། ཕན་ཚུན་བར་ཡིད་ཆེས་ཆེན་པོ་བྱེད་པའི་འཐབ་ཇུས་ཀྱི་ཟླ་གྲོགས་གལ་ཆེན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད། ང་ཚོས་མཐོ་རིམ་བར་གྱི་འགྲོ་འོང་ཡག་པོ་རྒྱུན་འཁྱོངས་བྱས་ནས། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ཕན་ཚུན་བར་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས་ཞེས་གསུངས།

ལཱ་མ་ཧྥུའུ་སཱ་ཡིས་ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བསྐྱར་བསྒྲགས་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།