ས་དེའི་དུས་ཚོད་ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར། གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅོ་ལྔ་པ་ཡུའེ་ཧན་ནེ་སི་པའོ་ཧྲན་ཐུན་གྲོས་ཚོགས་ལྟེ་གནས་སུ་འཚོགས་པ་དང་། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མ་ཧྥུའུ་སཱ་ཡིས་ཐུག་འཕྲད་ལ་འགོ་འཛིན་བྱས་པ་དང་། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་པ་ཞི་རྒྱལ་ཁབ་ཀྱི་ཙུང་ཐུང་ལུའུ་ལཱ། རྒྱ་གར་གྱི་ཙུང་ལི་མོ་ཏིས་བཅས་ཡུལ་དངོས་ནས་ཚོགས་འདུར་ཞུགས་པ་དང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་སྐུད་ལམ་ནས་ཚོགས་འདུར་ཞུགས། རྒྱལ་ཁབ་ལྔའི་འགོ་ཁྲིད་པས“གསེར་གྱོམ་རྒྱལ་ཁབ་དང་ཨ་ཧྥེ་རི་ཁའི་རོགས་རེས་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་ཕན་ཚུན་བར་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བ། རྒྱུན་མཐུད་འཕེལ་རྒྱས་ཡོང་བར་བྱེད་པ། དཀྱེལ་ཡངས་རང་བཞིན་གྱི་ཕྱོགས་མང་རིང་ལུགས་ལ་ཤུགས་སྣོན་རྒྱག་པ”བཅས་བརྗོད་དོན་དུ་བཟུང་ནས། གསེར་གྱོམ་མཉམ་ལས་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་གནང་ནས། ཕན་ཚུན་བར་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་།
ཞི་ཅིན་ཕིང་གིས《མཐུན་སྒྲིལ་མཉམ་ལས་ཀྱིས་འཕེལ་རྒྱས་དོན་གཉེར་བྱེད་རྒྱུ་དང་འགན་འཁྲི་འཁུར་ཕོད་པར་བྱས་ནས་ཞི་བདེར་སྐུལ་འདེད་གཏོང་དགོས》ཞེས་པ་ཁ་བྱང་བྱས་ནས་གསུང་བཤད་གལ་ཆེན་གནང་།
ཞི་ཅིན་ཕིང་གིས་དེང་སྐབས་འཛམ་གླིང་འདི་ཉིད་ཟང་ཟིང་གི་འཕོ་འགྱུར་གསར་པའི་དུས་སྐབས་སུ་སླེབས་ཡོད་པས། ལེགས་སྒྲིག་ཆེན་པོ་དང་ཁ་ཐོར་ཆེན་པོ། བསྐྱར་སྒྲིག་ཆེན་པོ་བཅས་དངོས་སུ་མྱོང་བཞིན་ཡོད། གསེར་གྱོམ་རྒྱལ་ཁབ་ནི་རྒྱལ་སྤྱིའི་རྣམ་པ་བསྐྲུན་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། ང་ཚོས་རང་བརྟེན་གྱིས་འཕེལ་རྒྱས་ཀྱི་ལམ་བུ་འདེམས་པ་དང་ཐུན་མོང་ཐོག་འཕེལ་རྒྱས་ཀྱི་དབང་ཆར་སྲུང་སྐྱོབ་བྱེད་པ། ཐུན་མོང་ཐོག་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པ་བཅས་ཀྱི་རྣམ་པའི་ངོས་ནས་མིའི་རིགས་ཀྱི་སྤྱི་ཚོགས་མདུན་སྐྱོད་ཀྱི་ཁ་ཕྱོགས་མཚོན་ཡོད་པས། འཛམ་གླིང་འཕེལ་རྒྱས་ཀྱི་འཕེལ་རིམ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ངེས་ཡིན། ལོ་རྒྱུས་ལ་ཕྱིར་མིག་བལྟས་པ་ཡིན་ན། ང་ཚོས་སྒོ་འབྱེད་དཀྱེལ་ཡངས་དང་མཉམ་ལས་གཉིས་ཕན་གྱི་གསེར་གྱོམ་སྙིང་སྟོབས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས། གསེར་གྱོམ་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ལྔ་པོའི་འཕེལ་རྒྱས་ལ་རམ་འདེགས་བྱེད་རྒྱུ་དང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས་ལ། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་དྲང་གཞག་གཙོ་འདོན་བྱས་ཏེ། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་སྐད་ཆ་བཤད་དབང་དང་ཤུགས་རྐྱེན་ཐེབས་ཤུགས་སྔར་ལས་ཆེ་རུ་གཏོང་དགོས། གསེར་གྱོམ་རྒྱལ་ཁབ་ནི་ཐོག་མཐའ་བར་གསུམ་དུ་རང་ཚུགས་རང་བདག་གི་ཕྱི་འབྲེལ་སྲིད་ཇུས་དར་སྤེལ་གཏོང་མཁན་དང་ལག་ལེན་བསྟར་མཁན་ཞིག་ཡིན་པ་དང་། རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་ནས་བྱ་བ་དེའི་བདེན་རྫུན་དྲང་འཁྱོག་ལ་དམིགས་རྒྱུ་དང་སྐད་ཆ་དྲང་པོ་ཤོད་པ། བྱ་བ་བཟང་པོ་སྒྲུབ་པ། རྩ་དོན་ལྟར་ཚོང་དོན་གཉེར་བ། ཕྱི་ཕྱོགས་ཀྱི་གནོན་ཤུགས་ལ་མགོ་མི་སྒུར་བ། རྒྱལ་ཁབ་གཞན་གྱི་ཟུར་གཏོགས་གཏན་ནས་མི་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་ཀྱིན་ཡོད། གསེར་གྱོམ་རྒྱལ་ཁབ་ལ་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་དང་ཐུན་མོང་གི་དམིགས་འབེན་ཡོད་པས། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། མཉམ་ལས་ཀྱི་ཐོག་མའི་བསམ་ཕྱོགས་དང་ཐུན་མོང་གི་བསམ་འདུན་ལ་འགྱུར་ལྡོག་འགྲོ་མི་སྲིད་ཅེས་གསུངས།
ཞི་ཅིན་ཕིང་གིས་གསེར་གྱོམ་མཉམ་ལས་དེ་སྔ་མཐུད་ཕྱི་སྤེལ་དང་སྔ་འཛིན་ཕྱི་གཏོད་ཀྱི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། ང་ཚོས་འཕེལ་ཕྱོགས་ཆེན་པོར་སྟངས་འཛིན་གང་ལེགས་བྱེད་པ་དང་ཁ་ཕྱོགས་ལ་སྣེ་ཁྲིད་བྱེད་པ། མཉམ་འབྲེལ་རང་འབད་གྱི་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་པ། སྤུས་ཚད་མཐོ་བའི་རོགས་རེས་འབྲེལ་བར་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་བཅོས་སྒྱུར་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། འཛམ་གླིང་ལ་གཏན་འཁེལ་རང་བཞིན་དང་བརྟན་ལྷིང་རང་བཞིན། དྲང་ནུས་བཅས་སྔར་ལས་གང་མང་སྣོན་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ང་ཚོས་དཔལ་འབྱོར་ཚོང་དོན་དང་ནོར་སྲིད་དངུལ་རྩའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་གཏོང་རྒྱུ་ནི་རྒྱལ་ཁབ་སོ་སོའི་འཕྲོག་ལེན་བྱེད་མི་ཐུབ་པའི་ཁེ་དབང་ཞིག་ཡིན་པ་ལས་རྒྱལ་ཁབ་ཉུང་ཤས་ཤིག་གི“གཅིག་པུར་དབང་བའི་ཁེ་ཕན་གྱི་བདག་དབང”ཞིག་རྩ་བ་ནས་མིན། གསེར་གྱོམ་རྒྱལ་ཁབ་ཀྱིས་འཕེལ་རྒྱས་དང་དར་རྒྱས་གཏོང་བའི་བགྲོད་ལམ་སྟེང་གི་མཉམ་ལས་པ་བྱས་ནས། “འབྲེལ་ཐག་གཅོད་པ”དང་དཔལ་འབྱོར་བཙན་ཤེད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། དངོས་གཉེར་མཉམ་ལས་དང་ལྷག་པར་དུ་གཞི་གྲངས་དཔལ་འབྱོར་དང་ལྗང་མདོག་འཕེལ་རྒྱས། མཁོ་སྤྲོད་འབྲེལ་ཐག་སོགས་ཁྱབ་ཁོངས་ལ་དམ་པོར་དམིགས་དགོས། ཀྲུང་གོས“ཀྲུང་གོ་དང་གསེར་གྱོམ་རྒྱལ་ཁབ་ཀྱི་དུས་རབས་གསར་པའི་ཚན་རིག་གསར་གཏོད་ཟབ་སྦྱོང་གླིང”བཙུགས་ནས། “་གསེར་གྱོམ་རྒྱལ་ཁབ་ཀྱི་གོ་ལ་ཧྲིལ་པོའི་རྒྱང་ཚོར་སྲུང་སྐར་གྱི་གཞི་གྲངས་དང་ཉེར་སྤྱོད་མཉམ་ལས་ལས་སྟེགས”འཚོལ་ཞིབ་བྱས་ནས་བཙུགས་ཏེ། རྒྱལ་ཁབ་སོ་སོའི་ཞིང་ལས་དང་སྐྱེ་ཁམས། གནོད་འཚེ་ཉུང་གཏོང་སོགས་ཁྱབ་ཁོངས་འཕེལ་རྒྱས་འགྲོ་རྒྱུར་གཞི་གྲངས་ཀྱི་ངོས་ནས་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ། “གསེར་གྱོམ་རྒྱལ་ཁབ་ཀྱི་རྒྱུན་མཐུད་ཐུབ་པའི་ཐོན་ལས་བརྗེ་རེས་མཉམ་ལས་ལམ་སྲོལ”བསྐྲུན་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་ཉེར་གསུམ་ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱ་ཆེད་ཐོན་ལས་སྦྲེལ་མཐུད་དང་གཞི་གྲངས་མཉམ་ལས་ཀྱི་སྟེགས་བུ་མཁོ་འདོན་བྱེད་འདོད་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ང་ཚོས་ཆབ་སྲིད་བདེ་འཇགས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ནས་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་དགོས། རྒྱལ་ཁབ་སོ་སོའི་མི་དམངས་ཚང་མས་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཡོང་རེ་བྱེད་བཞིན་ཡོད། རྒྱལ་སྤྱིའི་བདེ་འཇགས་ནི་ཁ་བྲལ་དུ་མི་རུང་བ་ཞིག་ཡིན་ཞིང་། རྒྱལ་ཁབ་གཞན་དག་གི་ཁེ་ཕན་བློས་གཏོང་དང་རང་ངོས་ཀྱི་བདེ་འཇགས་བལྟོས་མེད་དོན་གཉེར་བྱས་པ་ཡིན་ན། མཐར་རང་ཉིད་ལ་གནོད་འཚེ་ཕོག་སྲིད། གསེར་གྱོམ་རྒྱལ་ཁབ་ཀྱིས་ཞི་བདེ་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་བྱས་ནས། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ། གླེང་མང་བའི་གནད་དོན་ལ་འདུམ་འགྲིག་ཧུར་ཐག་བྱེད་པ། ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ། གླེང་མང་བའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་མ་གཏོང་བ་བཅས་བྱེད་དགོས། མིས་བཟོས་རིག་ནུས་ཀྱི་མཉམ་ལས་སྔར་ལས་རྒྱ་ཆེར་བཏང་ནས། ཆ་འཕྲིན་བརྗེ་རེས་དང་ལག་རྩལ་མཉམ་ལས་ལ་ཤུགས་བསྣན་ཏེ། ཐུན་མོང་ཐོག་ཉེན་ཁ་འགོག་ཟོན་ཡག་པོ་བྱེད་པ་དང་། ཡོངས་ཁྱབ་ངང་ཞུགས་པའི་རྒྱལ་སྤྱིའི་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ། རྒྱ་ཁྱབ་ངང་ཐུན་མོང་གི་ངོས་འཛིན་ལྡན་པའི་བཅོས་སྐྱོང་སྒྲོམ་གཞི་དང་ཚད་གཞི་ཞིག་གྲུབ་པར་བྱས་ནས། མིས་བཟོས་རིག་ནུས་ལག་རྩལ་གྱི་བདེ་འཇགས་རང་བཞིན་དང་བློ་གཏད་ཆོག་པའི་རང་བཞིན། ཚོད་འཛིན་ཐུབ་པའི་རང་བཞིན། དྲང་གཞག་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ང་ཚོས་མི་ཆོས་རིག་གནས་བརྗེ་རེས་ལ་ཤུགས་བསྣན་ནས། དཔལ་ཡོན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་དགོས། དཔལ་ཡོན་སྣ་མང་ཕུན་སུམ་ཚོགས་པ་དང་འཕེལ་རྒྱས་ཀྱི་ལམ་བུ་སྣ་མང་ཕུན་སུམ་ཚོགས་པ་དེ་ནི་འཛམ་གླིང་ལ་ལྡན་དགོས་ངེས་ཀྱི་རྣམ་པ་ཞིག་ཡིན། མིའི་རིགས་ཀྱི་ལོ་རྒྱུས་དེ་དཔལ་ཡོན་རིགས་ཤིག་དང་ལམ་ལུགས་རིགས་ཤིག་གིས་མཇུག་བསྒྲིལ་མི་སྲིད། གསེར་གྱོམ་རྒྱལ་ཁབ་ཀྱིས་ཆུ་བརྒྱ་ཀློང་གཅིག་གི་སྙིང་སྟོབས་དར་སྤེལ་བཏང་སྟེ། དཔལ་ཡོན་མི་འདྲ་བ་ཞི་བདེ་མཉམ་གནས་དང་ཞི་མཐུན་མཉམ་གནས།རྒྱལ་ཁབ་སོ་སོས་རང་བརྟེན་གདམ་ག་བྱས་པའི་དེང་རབས་ཅན་གྱི་འགྲོ་ལམ་ལ་བརྩི་འཇོག་བཅས་བྱས་ནས། འདུ་ཤེས་འཛིན་སྟངས་ཁ་གཏད་དུ་ལངས་པ་དང་ལམ་ལུགས་ཀྱི་ཁ་གཏད་དུ་ལངས་པ། “དཔལ་ཡོན་གདོང་ཐུག”གི་རྣམ་པ་བཅས་ལ་ངོ་རྒོལ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་གསེར་གྱོམ་རྒྱལ་ཁབ་ཀྱིས་སློབ་གསོའི་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ་དང་།ལས་རིགས་སློབ་གསོའི་མནའ་འབྲེལ་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། གཞི་གྲངས་སློབ་གསོའི་མཉམ་ལས་ལམ་སྲོལ་འཚོལ་ཞིབ་དང་འཛུགས་པ་བཅས་བྱེད་དགོས་པའི་དུས་མཚུངས་སུ། སྲོལ་རྒྱུན་རིག་གནས་བརྗེ་རེས་ལ་ཤུགས་བསྣན་ནས། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་གསར་གཏོད་ལ་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན་ཞེས་གསུངས།
ཞི་ཅིན་ཕིང་གིས་ང་ཚོས་དྲང་གཞག་དྲང་བདེན་རྒྱུན་འཁྱོངས་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་དགོས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ཤུགས་སྣོན་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་བའི་གདམ་ག་ཡང་དག་ཅིག་ཡིན། རྒྱལ་སྤྱིའི་སྒྲིག་སྲོལ་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་ལ་གཞིགས་ནས་ཚང་མས་ཐུན་མོང་ཐོག་འབྲི་བ་དང་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་པ་ལས། སུའི་དཔུང་པ་སྦོམ་ཞིང་སྐད་ཅོར་ཆེན་པོ་བརྒྱབ་ན་དེ་བདེན་པ་རེད་སྙམ་མི་རུང་བ་དང་ཤོག་ཁག་སྒྲིག་མི་རུང་བར། རང་ཉིད་ཀྱི“ཁྱིམ་སྲོལ་རོགས་སྲོལ”དེ་རྒྱལ་སྤྱིའི་སྒྲིག་སྲོལ་དུ་འགྱུར་བར་བྱེད་དགོས། གསེར་གྱོམ་རྒྱལ་ཁབ་ཀྱིས་ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱས་ནས། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོང་བྱེད་པ་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་ལྟེ་བར་བྱེད་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་རྒྱབ་སྐྱོར་དང་ཤུགས་སྣོན་པ། “ཤོག་སྡེ་ཆུང་ཆུང་”དང་“ཚོགས་པ་ཆུང་ཆུང་”གཉེར་བར་ངོ་རྒོལ་བཅས་བྱེད་དགོས། གསར་སྤེལ་དངུལ་ཁང་གསར་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རྒྱལ་སྤྱིའི་དངུལ་རྩའི་དངུལ་ལོར་མ་ལག་བཅོས་སྒྱུར་ལ་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་སྐད་ཆ་བཤད་དབང་སྔར་ལས་ཆེ་རུ་གཏོང་དགོས། ང་ཚོས་སྒོ་འབྱེད་དཀྱེལ་ཡངས་དང་མཉམ་ལས་གཉིས་ཕན་གྱི་གསེར་གྱོམ་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། གསེར་གྱོམ་རྒྱལ་ཁབ་སོ་སོའི་བར་མཉམ་ལས་ཡག་པོ་བྱས་ནས། ཁོངས་མིའི་འཕེལ་རིམ་སྔར་ལས་ཇེ་མགྱོགས་སུ་བཏང་སྟེ། རྒྱལ་ཁབ་སྔར་ལས་གང་མང་གསེར་གྱོམ་གྱི་ཁྱིམ་ཚང་ཆེན་མོའི་ཁྲོད་ཞུགས་སུ་བཅུག་ནས། དམངས་ཀྱི་བློ་གྲོས་དང་མང་ཚོགས་ཀྱི་བློ་གྲོས་གཅིག་སྡུད་བྱས་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་དེ་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་མཇུག་ཏུ་གསེར་གྱོམ་བྱ་གཞག་གིས་རྒྱལ་སྤྱིའི་བདེན་ལུགས་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་ལྔའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་ཡིན་ན། བརྟན་པོའི་ངང་ཕུགས་ཀྱི་ཕྱོགས་སུ་བསྐྱོད་ནས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་ཐུབ་ངེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་གསེར་གྱོམ་རོགས་རེས་དང་མཉམ་དུ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། འཐབ་ཇུས་རོགས་རེས་འབྲེལ་བར་ཤུགས་སྣོན་པ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། གསེར་གྱོམ་གྱི་འགན་འཁྲིའི་ངོས་ནས་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་འཇལ་བ་བཅས་བྱས་ཏེ། གསེར་གྱོམ་གྱི་འགན་འཁུར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་སྐྲུན་པ་དང་དེང་རབས་ཅན་གྱི་ཕྱོགས་སུ་ཐུན་མོང་ཐོག་སྐྱོད་འདོད་ཡོད་ཅེས་ནན་གྱིས་གསུངས།
ལཱ་མ་ཧྥུའུ་སཱ་དང་ལུའུ་ལཱ། ཕུའུ་ཅིན། མོ་ཏིས་བཅས་ཀྱིས་གསེར་གྱོམ་མཉམ་ལས་ལམ་སྲོལ་གྱི་དགེ་མཚན་ལྡན་པའི་འཕེལ་རིམ་ལ་ཚད་མཐོའི་གདེང་འཇོག་གནང་།
ཐུག་འཕྲད་བྱེད་པའི་སྐབས་སུ། རྒྱལ་ཁབ་ལྔའི་འགོ་ཁྲིད་པས་ད་དུང་གསེར་གྱོམ་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལམ་སྲོལ་གྱི་འགན་འཁུར་བའི་ལས་དོན་སྙན་ཞུར་གསན་པར་མ་ཟད། དྲན་རྟེན་མཉམ་པར་ཡང་བསྐྱོན།
ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།