ཞི་ཅིན་ཕིང་གིས་བྷང་ག་ལའི་ཙུང་ལི་ཧ་ཞིས་ནཱར་མཇལ་འཕྲད་གནང་།
2023.08.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ས་དེའི་དུས་ཚོད་ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡུའེ་ཧན་ནེ་སི་པའོ་རུ། གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་སྐབས་སུ་བྷང་ག་ལའི་ཙུང་ལི་ཧ་ཞིས་ནཱར་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་བྷང་ག་ལའི་བར་དུ་སྲོལ་རྒྱུན་མཛའ་བརྩེ་ཟབ་མོ་ལྡན། ཉིས་སྟོང་བཅུ་དྲུག་ལོར་ང་ཚོས་ཀྲུང་གོ་དང་བྷང་ག་ལའི་འབྲེལ་བ་དེ་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བར་རིམ་སྤོར་བྱས་ནས། རྒྱལ་ཁབ་གཉིས་ཀའི་མཉམ་ལས་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས། མིག་སྔར་ཀྲུང་གོ་དང་བྷང་ག་ལ་རྒྱལ་ཁབ་གཉིས་པོ་རང་སོ་སོའི་འཕེལ་རྒྱས་དང་དར་རྒྱས་ཀྱི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལ་ཕྱོགས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཀྲུང་གོ་དང་བྷང་ག་ལའི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་གང་མང་བསྐྲུན་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལ་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་དང་། ཕྱི་ཕྱོགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་བྱེད་པ། རྒྱལ་ནང་གི་མཐུན་སྒྲིལ་དང་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་པ། འཕེལ་རྒྱས་དང་དར་རྒྱས་མངོན་འགྱུར་ཡོང་བར་རོགས་རམ་བཅས་བྱས་ནས། བྷང་ག་ལ་ཕྱོགས་དང་མཉམ་དུ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་མུ་མཐུད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་འདོད་ཡོད། ཕྱོགས་གཉིས་ཀས་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་བསྣན་ནས། སྡེ་ཁག་སོ་སོ་དང་རིམ་པ་སོ་སོའི་བར་གྱི་འགྲོ་འོང་ཇེ་དམ་དུ་གཏོང་དགོས། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀའི་དཔལ་འབྱོར་གསབ་རེས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། རྨང་གཞིའི་སྒྲིག་ཆས་དང་ཆ་འཕྲིན་ལག་རྩལ། ནུས་ཁུངས་གསར་པ། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱེད་དགོས། མི་སྣ་འགྲོ་འོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་ཆོས་རིག་གནས་སྣ་མང་གི་བརྗེ་རེས་གཏིང་ཟབ་ཏུ་གཏོང་དགོས། བྷང་ག་ལ་གསེར་གྱོམ་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་ཁྲོད་ཞུགས་པར་རྟེན་འབྲེལ་ཞུས་པ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལ་ཕྱོགས་དང་མཉམ་དུ་ཕྱོགས་མང་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་བསྣན་ནས། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་ནན་གྱིས་གསུངས།

ཧ་ཞིས་ནཱ་ཡིས་ཉིས་སྟོང་བཅུ་དྲུག་ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བྷང་ག་ལར་གྲུབ་འབྲས་ཐོབ་པའི་ངང་རྒྱལ་དོན་འཚམས་འདྲི་གནང་བ་དེ་ནི། རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་ངོས་ནས་བཤད་ན་ལམ་ཚད་རྡོ་རིང་ལྟ་བུའི་དོན་དག་ཞིག་ཏུ་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལའི་པྲོག་གསར་རིམས་ནད་སྔོན་འགོག་དང་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་མ་ཟད། བྷང་ག་ལའི་རྒྱལ་ཁབ་འཕེལ་རྒྱས་དང་དམངས་ཚིས་ཇེ་ལེགས་སུ་གཏོང་བའི་ཐད་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན། བྷང་ག་ལ་དང་ཀྲུང་གོའི་བར་གྱི་འབྲེལ་བ་བཟང་པོ་དེ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་རྨང་གཞིའི་སྟེང་ནས་བྱུང་བ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་ནས་ལོ་བཅུ་འཁོར་བར་རྟེན་འབྲེལ་ཞུས་པ་ཡིན་ལ། “རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་ནས། བྷང་ག་ལ་རྒྱལ་ཁབ་ལ་འཕེལ་རྒྱས་ཀྱི་སྒོ་མོ་གསར་པ་ཕྱེས་ཡོད། བྷང་ག་ལ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་ནས། ཀྲུང་གོ་ཕྱོགས་ཀྱིས་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་བསྟོད་བསྔགས་བྱས་པ་ཡིན། བྷང་ག་ལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕྱོགས་གཉིས་ཀའི་འབྲེལ་བ་སྔར་ལས་ཇེ་དམ་དུ་གཏོང་བ་དང་གསེར་གྱོམ་སོགས་ཕྱོགས་མང་ལམ་སྲོལ་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ལ། གསེར་གྱོམ་ལམ་སྲོལ་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ་དེས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཐོབ་པར་ཡིད་ཆེས་ཡོད་ཅེས་བསྟན།

ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཕྲད་ཁྲོད་ཞུགས།