ཞི་ཅིན་ཕིང་གིས་ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པིས་ལ་མཇལ་འཕྲད་གནང་།
2023.08.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ས་དེའི་དུས་ཚོད་ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡུའེ་ཧན་ནེ་སི་པའོ་རུ། གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་སྐབས་སུ། ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པིས་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཀྲུང་གོ་ནི་ཨེ་ཙེ་ཨོ་ཕི་ཡའི་བློ་གཏད་ཆོག་པའི་གྲོགས་པོ་དང་ཟླ་གྲོགས་ཡིན། ཉེ་བའི་ལོ་འདི་དག་གི་རིང་ལ། རྒྱལ་ཁབ་གཉིས་ཀས་མཐོ་རིམ་འགྲོ་འོང་དང་འབྲེལ་གཏུག་ཡང་ཡང་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་སོགས་སྒྲོམ་གཞིའི་ནང་གི་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དེས། ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡའི་མཉམ་ལས་ལ་གོ་སྐབས་གསར་པ་སྟེར་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཙེ་ཨོ་ཕི་ཡའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ནས། ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ནང་གི་ཞི་བདེ་འཕེལ་རིམ་དང་འཕེལ་རྒྱས་དར་རྒྱས་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ཅིང་། ཨེ་ཙེ་ཨོ་ཕི་ཡའི་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་ཁྱོན་ཡོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ནས། རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་སྔར་ལས་མི་རྣམས་ཀྱི་སེམས་གཏིང་དུ་སིམ་པར་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཕྱོགས་གཉིས་ཀས་ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱས་ནས། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ཨེ་ཙེ་ཨོ་ཕི་ཡའི“ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་སུམ་ཅུ་ལོའི་བར་གྱི་ལོ་བཅུའི་འཕེལ་རྒྱས་འཆར་འགོད”དང་འབྲེལ་མཐུད་དམ་ཟབ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་སྔར་ལས་གང་མང་ཨེ་ཙེ་ཨོ་ཕི་ཡ་རུ་སོང་ནས་དངུལ་གཏོང་ལས་སྐྲུན་བྱེད་པའི་ཐད་སྐུལ་མ་གཏོང་རྒྱུ་ཡིན་ལ། ཨེ་ཙེ་ཨོ་ཕི་ཡའི་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་ཞིང་ལས་ཐོན་རྫས་ཀྲུང་གོར་འདྲེན་པའི“ལྗང་མདོག་བགྲོད་ལམ”བེད་སྤྱོད་ཡག་པོ་བྱས་ནས། རྒྱལ་ཁབ་གཉིས་ཀའི་དཔལ་འབྱོར་ཚོང་དོན་མཉམ་ལས་རྒྱ་སྐྱེད་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡི། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཙེ་ཨོ་ཕི་ཡ་ཕྱོགས་དང་མཉམ་དུ། “ཨ་ཧྥེ་རི་ཁའི་ཟུར་གྱི་ཞི་བདེ་འཕེལ་རྒྱས་ཀྱི་བསམ་འཆར”དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་གི་ཆེད་དུ་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་ནན་གྱིས་གསུངས།

ཨ་པིས་ཀྱིས་ཨེ་ཙེ་ཨོ་ཕི་ཡས་ཀྲུང་གོའི་བར་གྱི་མཛའ་མཐུན་འབྲེལ་བར་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ གོ་ལ་ཧྲིལ་པོའི་དཔལ་ཡོན་གྲོས་འགོ་བཅས་ལ་རྒྱབ་སྐྱོར་བྱེད་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཁྲོད་འབད་པས་ཞུགས་པ་བཅས་བྱས་ནས། ཀྲུང་གོའི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་བཟུང་སྟེ། རང་རྒྱལ་ཁབ་ཀྱི་འཕེལ་རྒྱས་སྔར་ལས་ལེགས་པའི་སྒོ་ནས་མངོན་འགྱུར་བྱེད་འདོད་ཡོད། ཨེ་ཙེ་ཨོ་ཕི་ཡས་ཀྲུང་གོ་དང་མཉམ་དུ་ཞིང་ལས་དང་གཏེར་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། གསེར་གྱོམ་རྒྱལ་ཁབ་ཁྲོད་ཞུགས་ནས་ཕྱོགས་མང་ལམ་སྲོལ་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་སྔར་ལས་མཛེས་སྡུག་ལྡན་པའི་ཐུན་མོང་གི་འབྱུང་འགྱུར་བསྐྲུན་འདོད་ཡོད་ཅེས་བསྟན།

ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཕྲད་ཁྲོད་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།