ཞི་ཅིན་ཕིང་གིས་སེ་ནེ་ཀལ་གྱི་ཙུང་ཐུང་སཱ་ལེ་ལ་མཇལ་འཕྲད་གནང་།
2023.08.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ས་དེའི་དུས་ཚོད་ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡུའེ་ཧན་ནེ་སི་པའོ་རུ། གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་སྐབས་སུ། སེ་ནེ་ཀལ་གྱི་ཙུང་ཐུང་སཱ་ལེ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་སེ་ནེ་ཀལ་ནི་ཨ་ཧྥེ་རི་ཁར་ཡོད་པའི་ཀྲུང་གོའི་མཉམ་ལས་ཟླ་གྲོགས་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་འདི་དག་གི་རིང་ལ། ཕྱོགས་གཉིས་ཀའི་ཐུན་མོང་འབད་བརྩོན་འོག་ཏུ། རྒྱལ་ཁབ་གཉིས་ཀའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟམ་མི་ཆད་པར་ཇེ་ཟབ་ཏུ་ཕྱིན་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་སེ་ནེ་ཀལ་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ལ་སྲུང་སྐྱོབ་བྱ་ཆེད་འབད་བརྩོན་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་། སེ་ནེ་ཀལ་ཕྱོགས་དང་ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། བཟོ་ལས་དང་ཞིང་ལས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། མི་ཤུགས་ཐོན་ཁུངས་གསར་སྤེལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ལུགས་མཐུན་འཕེལ་རྒྱས་ཀྱི་ཁེ་དབང་ལ་ཐུན་མོང་ཐོག་སྲུང་སྐྱོབ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་དེང་སྐབས་རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་གཏིང་ཟབ་འབྱུང་བཞིན་ཡོད་པས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་བར་གྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་ཆེན་པོ་སྣོན་དགོས། ཀྲུང་གོས་ཨ་ཧྥེ་རི་ཁའི་མནའ་འབྲེལ་དེ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཁྲོད་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ནས། ཟོལ་མེད་བརྩེ་སེམས་དང་ལྷག་བསམ་རྣམ་དག་གི་འདུ་ཤེས་དང་ཡང་དག་པའི་འོས་འགན་དང་ཁེ་ཕན་གྱི་ལྟ་བ་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། ཨ་ཧྥེ་རི་ཁའི་སྤུན་ཟླ་དང་མཉམ་དུ་རང་ངོས་འཕེལ་རྒྱས་ཀྱི་ཉམས་མྱོང་དང་གོ་སྐབས་མཉམ་སྤྱོད་བྱས་ནས། དུས་རབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཐུན་མོང་གི་ཀྲུའུ་ཞི་རྒྱལ་ཁབ་ཡིན་པའི་ཀྲུང་གོ་དང་སེ་ནེ་ཀལ་རྒྱལ་ཁབ་གཉིས་ཀས་ཕན་ཚུན་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་དང་རིམས་འགོག དམིགས་བསལ་རྩེ་ཚོགས་སོགས་བྱེད་སྒོ་གལ་ཆེན་རབ་དང་རིམ་པ་གྲུབ་འབྲས་ཐོབ་པའི་ངང་སྤེལ། ཀྲུང་གོ་ཕྱོགས་ཀྱིས་སེ་ནེ་ཀལ་བར་གྱི་འབྲེལ་གཏུག་དང་མཐུན་སྦྱོར་ལ་མུ་མཐུད་ཤུགས་བསྣན་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི“བཟོ་སྐྲུན་ཁག་དགུ”དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་མཉམ་ལས་ཇེ་བརྟན་དུ་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད་ཅེས་ནན་གྱིས་གསུངས།

སཱ་ལེ་ཡིས་སེ་ནེ་ཀལ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་ནས། ཀྲུང་གོ་ཕྱོགས་ཀྱིས་ལག་བསྟར་བྱེད་ཀྱིན་པའི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་ལ་བསྟོད་བསྔགས་བྱེད་ཀྱིན་ཡོད་ཅིང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་ཀའི་ཕྱོགས་མང་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད། སེ་ནེ་ཀལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མུ་མཐུད་འབྲེལ་གཏུག་དང་མཉམ་ལས་དམ་ཟབ་བྱས་ཏེ། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཕྲད་ཁྲོད་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།