ཞི་ཅིན་ཕིང་གསེར་གྱོམ་རྒྱལ་ཁབ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་དེ་བཞིན་གསར་དར་ཁྲོམ་ར་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་གི་འགོ་ཁྲིད་པའི་གླེང་མོལ་ཚོགས་འདུར་ཞུགས།
2023.08.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ས་དེའི་དུས་ཚོད་ཟླ་བརྒྱད་པའི་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡུའེ་ཧན་ནེ་སི་པའོ་རུ། གསེར་གྱོམ་རྒྱལ་ཁབ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་། དེ་བཞིན་གསར་དར་ཁྲོམ་ར་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་གི་འགོ་ཁྲིད་པའི་གླེང་མོལ་ཚོགས་འདུར་ཞུགས།

ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མ་ཧྥུའུ་སཱ་ཡིས་ཚོགས་འདུར་མགོ་འཛིན་བྱས་པ་དང་། པ་ཞི་རྒྱལ་ཁབ་ཀྱི་ཙུང་ཐུང་ལུའུ་ལཱ་དང་རྒྱ་གར་གྱི་ཙུང་ལི་མོ་ཏིས་ཚོགས་འདུར་ཞུགས་པ་དང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་སྐུད་ལམ་ནས་ཚོགས་འདུར་ཞུགས། ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་དེ་བཞིན་གསར་དར་ཁྲོམ་ར་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་གི་འགོ་ཁྲིད་པའམ་ཡང་ན་འཐུས་མི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེ་མོ་ཀུའུ་ཐི་ལེ་ཟི། གསར་སྤེལ་དངུལ་ཁང་གི་མགོ་གཙོ་ལའོ་སའེ་ཧྥུའུ་སོགས་རྒྱལ་སྤྱི་དང་ས་ཁུལ་རྩ་འཛུགས་ཀྱི་འགན་འཁུར་བ་ཚོགས་འདུར་ཞུགས།

ཞི་ཅིན་ཕིང་གིས《སེམས་མཐུན་གཅིག་སྒྲིལ་གྱིས་མཉམ་དུ་འཕེལ་རྒྱས་ཀྱི་ཐུན་མོང་ཚོགས་པའི་ཕྱོགས་སུ་བསྐྱོད་དགོས》ཞེས་པ་ཁ་བྱང་དུ་བཟུང་ནས་གསུང་བཤད་གནང་།

ཞི་ཅིན་ཕིང་གིས་འཕེལ་རྒྱས་ཀྱིས་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་བཅངས་ཡོད་པས། དེ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལས་འགན་ཨང་དང་པོ་དེ་ཡིན་ལ། མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་འགྱུར་མེད་བརྗོད་དོན་གཙོ་བོའང་ཡིན། ད་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གྱི་དུས་འབྲིང་དཔྱད་འཇོག་ལོ་ཡིན། མིག་སྔར། རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་དོན་འཁྱོལ་བྱེད་ཚད་དལ་ཞིང་མི་རྣམས་སེམས་ཁྲལ་བྱེད་དགོས་པའི་གནས་རེད། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་བྱ་གཞག་ལ་འགྲན་སློང་ཧ་ཅང་ཆེན་པོ་གནས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གནམ་འོག་གི་ཁེ་ཕན་དེ་ཁེ་ཕན་དུ་བརྩི་བ་དང་མི་དམངས་ཀྱི་སེམས་འདུན་སྙིང་ཁོང་དུ་བཅངས་ནས། འཕེལ་རྒྱས་ཀྱི་གནད་དོན་དེ་རྒྱལ་སྤྱིའི་གྲོས་རིམ་གྱི་ལྟེ་བར་ལོག་པར་ཡང་བསྐྱར་སྐུལ་འདེད་གཏོང་དགོས། གོ་ལ་ཧྲིལ་པོ་བཅོས་སྐྱོང་བྱེད་པའི་ཁྲོད་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་སྐད་ཆ་བཤད་དབང་ཆེ་རུ་བཏང་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་སྔར་ལས་ལེགས་པའི་ངང་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱེད་དགོས། ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་རོགས་རེས་འབྲེལ་བ་བཙུགས་ནས། ཐུན་མོང་ཐོག་འཕེལ་རྒྱས་ཡོང་ཆེད་བདེ་འཇགས་དང་བརྟན་ལྷིང་གི་རྒྱལ་སྤྱིའི་ཁོར་ཡུག་བསྐྲུན་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་དབུགས་ལམ་གཅིག་གྱུར་དང་སྐྱིད་སྡུག་མཉམ་མྱོང་བྱས་པ་དང་། ཀྲུང་གོ་འདི་ཉིད་སྔོན་ཆད་དང་ད་ལྟ། མ་འོངས་གང་གི་དུས་སུའང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁོངས་མི་ཞིག་ཡིན། ངས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་བཏོན་པ་དེ་ནི། འཛམ་གླིང་ཡོངས་ཀྱིས་འཕེལ་རྒྱས་ལ་དམིགས་པ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་ཆེད་ཡིན། ན་ནིང་ཀྲུང་གོས་སྐབས་དང་པོའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་མཐོ་རིམ་སྐད་ཆ་བཤད་རེས་ཀྱི་ཚོགས་འདུ་འཚོགས་ནས། འཕེལ་རྒྱས་ཀྱི་མཉམ་ལས་བྱེད་ཐབས་རབ་དང་རིམ་པ་བཏོན་པར་དགའ་འོས་པའི་འཕེལ་རྒྱས་བྱུང་ཡོད། ང་ཚོས་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་ཐོན་ཁུངས་ཀྱི་དངུལ་གཏོང་མང་དུ་བཏང་སྟེ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་འཛམ་གླིང་ལྷོ་རྒྱུད་རྒྱལ་ཁབ་བར་གྱི་མཉམ་ལས་ཐེབས་རྩ་དངོས་སུ་བཙུགས་ཟིན་པ་དང་། ཀྲུང་གོའི་དངུལ་རྩའི་སྒྲིག་གཞིས་ཆེད་སྤྱོད་མ་དངུལ་བཏོན་ནས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་བྱ་རྒྱུར་ཆེད་མངགས་སྤྱོད་རྒྱུ་ཡིན། ང་ཚོས་བྱ་སྤྱོད་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་ཡོད། མཉམ་ལས་ལས་གཞི་ཉིས་བརྒྱ་ལྷག་ཙམ་ལ་དངོས་སུ་གྲུབ་འབྲས་ཐོན་ནས། དབུལ་པོ་ཉུང་གཏོང་དང་སློབ་གསོ། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལམ་སྲོལ་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་ཡོད། ང་ཚོས་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་པས་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་ཕྱིན་ཡོད། ལྗང་མདོག་འཕེལ་རྒྱས་དང་བཟོ་ལས་ཅན་གསར་པ། གཞི་གྲངས་དཔལ་འབྱོར་སོགས་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ནས། བཟོ་ལས་གསར་བརྗེ་གསར་པའི་རོགས་རེས་འབྲེལ་བ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས། ང་ཚོས་དུས་ངན་མཉམ་སེལ་རྒྱུན་འཁྱོངས་བྱས་པའི་དབང་གིས། འཕེལ་རྒྱས་ཀྱི་མཉེན་ཤུགས་ཆེ་རུ་ཕྱིན་ཡོད། ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་འཛམ་གླིང་ལྷོ་རྒྱུད་རྒྱལ་ཁབ་བར་གྱི་མཉམ་ལས་ཡིད་རྟོན་ཐེབས་རྩ་འཛུགས་འགོ་བརྩམས་ཏེ། རྒྱལ་ཁབ་མང་པོར་འབྲུ་རིགས་རོགས་སྐྱོར་དང་ཞིང་ལས་ལག་རྩལ་གྱི་ཤེས་བྱ་ལོངས་སུ་སྤྱོད་པ། གོ་ལ་ཧྲིལ་པོའི་ནུས་ཁུངས་གཙང་མའི་མཉམ་ལས་རོགས་རེས་འབྲེལ་བ་འཛུགས་པ་བཅས་བྱས་ཏེ། ནུས་ཁུངས་བདེ་འཇགས་ཡོང་བར་སྐུལ་འདེད་བཏང་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོ་ནི་ཨ་ཧྥེ་རི་ཁའི་བློ་གཏད་ཆོག་པའི་གྲོགས་པོ་ཞིག་ཡིན་པ་དང་། འདས་ཟིན་པའི་ལོ་ངོ་བཅུ་ཡི་རིང་ལ། ཀྲུང་གོས་ཨ་ཧྥེ་རི་ཁར་འཕེལ་རྒྱས་ཀྱི་རོགས་སྐྱོར་ཆེན་པོ་བྱས་ནས། སྤྱི་ལེ་དྲུག་སྟོང་ལྷག་གི་ལྕགས་ལམ་དང་སྤྱི་ལེ་དྲུག་སྟོང་ལྷག་གི་གཞུང་ལམ། གློག་ཤུགས་སྒྲིག་ཆས་ཆེ་གྲས་བརྒྱད་ཅུ་ལྷག་ཙམ་བཅས་ཀྱི་འཛུགས་སྐྲུན་ཁྲོད་དངོས་སུ་ཞུགས་ཡོད། དུས་རིམ་རྗེས་མར་ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་བར་མཉམ་ལས་སྔར་ལས་གང་མང་བྱས་ནས། ཨ་ཧྥེ་རི་ཁའི་རང་བརྟེན་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། དེའི་ནང་སྲུང་སྐར་ཐིག་ལེན་རིས་འབྲིའི་གཞི་གྲངས་ཆ་ཚང་མཁོ་འདོན་བྱེད་པ། “རིག་ནུས་འགག་སྒོའི”མཉམ་ལས་རོགས་རེས་འཆར་གཞི་ལག་བསྟར་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་མཉམ་དུ། “གོ་ལ་ཧྲིལ་པོའི་ངོས་ནས་ཨ་ཧྥེ་རི་ཁའི་འབྱུང་འགྱུར་ལ་རོགས་སྐྱོར་བྱེད་དགོས་པའི་གྲོས་འགོ་བཏོན”པའི་བྱེད་སྒོ་དང་གཞོགས་འདེགས་དམ་ཟབ་བྱེད་པ། ཨ་ཧྥེ་རི་ཁ་རྒྱུན་མཐུད་འཕེལ་རྒྱས་ཡོང་རྒྱུར་རྒྱབ་སྐྱོར་གང་ལེགས་བཅས་བྱ་རྒྱུ་ཡིན། ང་ཚོས་ཡིད་ཆེས་བརྟན་གཏོང་དང་ཀུན་སེམས་གཅིག་མཐུན་གྱིས་འཕེལ་རྒྱས་ཀྱི་གཅིག་མཐུན་ཚོགས་པ་ལག་གདང་སྦྲེལ་ནས་བསྐྲུན་ཏེ། རྒྱལ་ཁབ་གང་ཞིག་ཡིན་རུང་འཛམ་གླིང་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་རྗེས་སུ་མི་ལུས་པར་བྱེད་དགོས་ཞེས་ནན་གྱིས་གསུངས།

ཚོགས་ཞུགས་འགོ་ཁྲིད་པས་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན།

ཚའེ་ཆི་དང་ཝང་དབྱི་གླེང་མོལ་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།