ཟླ8པའི་ཚེས18ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་མཚོ་སྔོན་དང་ཞང་ཀང་། ཨོ་མིན་བཅས་ཀྱི་བརྗེ་རེས་མཉམ་ལས་ཁ་གཏད་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁོང་ཡུང་གིས་ཚོགས་འདུར་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད།
ཐེངས་འདིའི་བཞུགས་མོལ་ཚོགས་འདུར་ཚོགས་ར་གཙོ་བོ་ལས་གཞན། ད་རུང་ཞང་ཀང་དང་ཨོ་མིན་གཉིས་སུའང་ཡན་ལག་ཚོགས་ར་བཙུགས་ཡོད། ཚོགས་འདུའི་སྟེང་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཟི་ལིང་གྲོང་ཁྱེར་སྲིད་གྲོས། ཞང་ཀང་གི་ཨུ་ཡོན་ཝུའུ་ཧན་ཀྲུང་། ཨོ་མིན་གྱི་ཨུ་ཡོན་ཧུའུ་ཏཱ་ཀྲུང་། དགེ་རྒན་ཆེན་མོ་ཆི་ཀོས་ཅོན། ཞིང་ཆེན་སྲིད་གྲོས་རྟོག་ཞིབ་ཚན་ཆུང་བཅས་ཀྱིས་ནུས་ཤུགས་ཡོད་རྒུས་མཚོ་སྔོན་དང་ཀོང་ཀྲིག ཞང་ཀང་། ཨོ་མིན། ཐའེ་ཝན་བཅས་ཀྱི་ཐོན་ལས་མཉམ་ལས་ལ་སྐུལ་འདེད་གཏོང་བ་སོགས་ལ་དམིགས་ནས་གཏམ་བཤད་བྱས་པ་དང་། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཕྱི་དོན་བྱ་བའི་གཞུང་སྒྲུབ་ཁང་། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་གཏམ་བཤད།
ཚོགས་འདུ་ལས་བསྟན་དོན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་ཞང་ཀང་དང་ཨོ་མིན་གྱི་ཨུ་ཡོན་དང་། མཚོ་སྔོན་དང་ཞང་ཀང་། ཨོ་མིན་བཅས་ཀྱི་མཛའ་འབྲེལ་ལྷན་ཚོགས་ཀྱིས་སྤུས་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཁྲོད་ཀྱི་འབྲེལ་ཐག་ནུས་པར་རོགས་འདེགས་བྱེད་པར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཞང་ཀང་དང་ཨོ་མིན་ས་ཁུལ་ནི་རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྒེའུ་ཁུང་གལ་ཆེན་དང་། རང་རྒྱལ་དང་འཛམ་གླིང་ས་ཁུལ་སོ་སོའི་བར་དཔལ་འབྱོར་ཉོ་ཚོང་དང་རིག་གནས་བརྗེ་རེས་བྱེད་པའི་འབྲེལ་ཟམ་གལ་ཆེན་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱིས་ཁྱོན་ཡོངས་ནས་སྤུས་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཐག་གལ་ཆེན་ཡིན།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྤུས་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་སྤུས་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ། དྲིལ་སྒྲོག་དང་འོས་སྦྱོར་ཤུགས་ཆེན་བྱས་ནས་དངུལ་གཏོང་ཡིད་ཆེས་ཆེ་རུ་གཏོང་བ། ཐོན་ལས་རྒྱ་བསྐྱེད་གཏོང་བར་བརྟེན་ནས་སྒུལ་ཤུགས་ཆེ་རུ་བསྐྱེད་པ། འཕེལ་རྒྱས་ཀྱི་ལེགས་ཆ་གསར་བར་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་ཕྱོགས་ལྔ་ལ་བརྟེན་ནས་མཚོ་སྔོན་དང་ཞང་ཀང་། ཨོ་མིན་བཅས་བར་གྱི་བརྗེ་རེས་དང་མཉམ་ལས་ལ་སྔར་ལས་ཤུགས་སྣོན་བྱེད་པ་དང་། ས་ཁུལ་གསུམ་གྱི་དཔལ་འབྱོར་དང་རིག་གནས། སློབ་གསོ། ཡུལ་སྐོར་སོགས་ཐད་ཀྱི་མཉམ་ལས་དང་འཕེལ་རྒྱས་ལ་སྐུལ་འདེད་དང་། ས་ཁུལ་གསུམ་གྱི་བརྗེ་རེས་དང་འགྲོ་འོང་། མཉམ་བསྲེས་བཅས་མུ་མཐུད་དུ་ཟབ་སྒྱུར་དང་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་བྱེད་དགོས།
ཤ་བོ་གསེར་མཚོས་བསྒྱུར།