ཟླ་བརྒྱད་པའི་ཚེས་ཉེར་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མགོ་འཛིན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། 《ཉིས་སྟོང་ཉེར་གསུམ་ལོ་ནས་ཉིས་སྟོང་ཉེར་ལྔ་ལོའི་བར་གྱི་སྨན་རྫས་བཟོ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགུལ་སྐྱོད་འཆར་གཞི》ཞེས་པ་དང་། 《ཉིས་སྟོང་ཉེར་གསུམ་ལོ་ནས་ཉིས་སྟོང་ཉེར་ལྔ་ལོའི་བར་གྱི་སྨན་བཅོས་སྒྲིག་ཆས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགུལ་སྐྱོད་འཆར་གཞི》། 《འགན་ལེན་རང་བཞིན་གྱི་སྡོད་ཁང་བསྐྲུན་རྒྱུའི་འཆར་འགོད་སྐོར་གྱི་མཛུབ་སྟོན་བསམ་འཆར》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྨན་རྫས་བཟོ་ལས་དང་སྨན་བཅོས་སྒྲིག་ཆས་ཐོན་ལས་ནི་འཕྲོད་བསྟེན་བདེ་ཐང་བྱ་བའི་རྨང་གཞི་གལ་ཆེན་ཞིག་ཡིན་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་དམ་ཟབ་ཡོད། སྨན་རྫས་བཟོ་ལས་དང་སྨན་བཅོས་སྒྲིག་ཆས་ཐོན་ལས་ཀྱི་མཉེན་ཤུགས་དང་དེང་རབས་ཅན་གྱི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་བ་དང་། རྩེར་སོན་སྨན་རྫས་དང་འགག་རྩའི་ལག་རྩལ། ཟུར་སྦྱོར་རྒྱུ་ཆ་སོགས་མཁོ་སྤྲོད་ནུས་པ་ཆེ་རུ་བཏང་ནས། རང་རྒྱལ་གྱི་རྩེར་སོན་སྨན་བཅོས་སྒྲིག་ཆས་ཀྱི་ཞན་ཆ་གང་མགྱོགས་ངང་གསབ་དགོས།
གྲོས་ཚོགས་ལས་བསྟན་དོན། འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དེ་དམངས་ཚིས་འགན་ལེན་དང་ཇེ་ལེགས་སུ་གཏོང་རྒྱུར་ཕན་པ་ཡོད་ཅིང་། ནུས་ལྡན་གྱི་དངུལ་གཏོང་རྒྱ་སྐྱེད་གཏོང་རྒྱུར་ཕན་པ་ཡོད་པས། དེ་ནི་ས་ཁང་བདག་ཁོངས་ཁྲོམ་ར་བརྟན་འཇགས་དང་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ས་ཁང་ཐོན་ལས་འཕེལ་རྒྱས་གཏོང་སྟངས་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། འགན་སྲུང་རང་བཞིན་གྱི་སྡོད་ཁང་གི་འཆར་འགོད་ལ་ཇུས་འགོད་ཡག་པོ་བྱས་ཏེ། བཅོས་སྒྱུར་གསར་གཏོད་ཀྱི་བྱེད་ཐབས་ལ་བརྟེན་ནས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། སྡོད་ཁང་འཛུགས་སྐྲུན་གྱི་སྤུས་ཚད་ལ་འགན་ལེན་བྱེད་དགོས་པ་དང་མཉམ་དུ། མ་ལག་ཆ་ཚང་བའི་སྒྲིག་ཆས་འཛུགས་སྐྲུན་དང་སྤྱི་བའི་ཞབས་ཞུའི་མཁོ་འདོན་ལ་ཤུགས་སྣོན་རྒྱུར་དོ་སྣང་བྱེད་དགོས།
ཚོགས་ཐོག་ནས་ད་དུང་ལས་དོན་གཞན་དག་ལའང་ཞིབ་འཇུག་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།