ས་དེའི་དུས་ཚོད་ཟླ་བརྒྱད་པའི་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡུའེ་ཧན་ནེ་སི་པའོ་རུ། གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་སྐབས་སུ། ན་སྨི་པི་ཡའི་ཙུང་ཐུང་ཀུན་ཀི་པུའུ་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་པ་ཡིན་པས། ཀྲུང་གོར་བརྩེ་དུང་ཟབ་མོ་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་སྲོག་ཤིང་ཁེ་ཕན་གྱི་གནད་དོན་ཐད་འཛིན་པའི་ལངས་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱིན་ཡོད། རྒྱལ་སྤྱིའི་ལས་དོན་ཁྲོད་དྲང་གཞག་གཙོ་འདོན་དང་བདེན་འཛིན་དྲང་གཏམ་གསུངས་པའི་བྱེད་ཕྱོགས་ལ་ང་ཚོས་བསྔགས་བརྗོད་ཆེན་པོ་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ན་སྨི་པི་ཡའི་བར་གྱི་ནུས་ཁུངས་གཙང་མ་དང་བཅས་པའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་པ་དང་། ཀྲུང་གོའི་ཁེ་ལས་ན་སྨི་པི་ཡར་སོང་ནས་དངུལ་གཏོང་ལས་སྐྲུན་བྱེད་པར་རྒྱབ་སྐྱོར་དང་སྐུལ་ལྕག་བཏང་ནས། ན་སྨི་པི་ཡའི་ཕྱོགས་དང་འབྲེལ་འདྲིས་དམ་ཟབ་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས།
ཀུན་ཀི་པུའུ་ཡིས་ན་སྨི་པི་ཡར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཤན་ཤུགས་ཐེབས་ནས། ན་སྨི་པི་ཡའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ལམ་བུ་འཚོལ་ཞིབ་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཀྲུང་གོའི་ཁེ་ལས་ན་སྨི་པི་ཡར་ཡོང་ནས་མ་དངུལ་བཏང་ནས་མཉམ་ལས་བྱེད་པར་དགའ་བསུ་ཞུ་བཞིན་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀའི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཕྲད་ཁྲོད་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།