ས་དེའི་དུས་ཚོད་ཟླ་བརྒྱད་པའི་ཚེས་ཉེར་བཞི་ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མ་ཧྥུའུ་སཱ་དང་ལྷན་དུ་ཡུའེ་ཧན་ནེ་སི་པའོ་རུ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་པའི་གླེང་མོལ་ཚོགས་འདུར་མགོ་འཛིན་གནང་།
ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི། ཁོ་མོ་ལོའི་ཙུང་ཐུང་ཨ་ཀྲ་ལིས་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁའི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ། སེ་ནེ་ཀལ་གྱི་ཙུང་ཐུང་སཱ་ལེ། ཨ་ཧྥེ་རི་ཁའི་ས་ཁོངས་ཕལ་པའི་རྩ་འཛུགས་ཀྱི་འཐུས་མི། ཙན་པི་ཡའི་ཙུང་ཐུང་ཞི་ཆི་ལའེ་མཱ། པུ་རུན་ཏིའི་ཙུང་ཐུང་ཨེན་ཏ་དབྱི་ཧྲི་སྨི་ཡ། ཅི་པོའུ་ཐིའི་ཙུང་ཐུང་ཀེ་ལའེ། ཁོང་ཀོ་པུའུ་རྒྱལ་ཁབ་ཀྱི་ཙུང་ཐུང་སཱ་སུའུ། ན་སྨི་པི་ཡའི་ཙུང་ཐུང་ཀུན་ཀི་པུའུ། ཆ་ཏེ་ཡི་ཙུང་ལི་ཁའེ་པུའུ་ཀྲ་པོ། ལི་པི་ཡའི་ཙུང་ཐུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཁུའུ་ཉིས། ནི་ཀྲི་རི་ཡའི་ཙུང་ཐུང་གཞོན་པ་ཞེ་ཏིས་མཱ་བཅས་དང་། དེ་བཞིན་ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་འཐུས་མི་མུའུ་ཁྲང་ཅཱ་སོགས་གླེང་མོལ་ཚོགས་འདུར་ཞུགས།
ཞི་ཅིན་ཕིང་གིས《མཉམ་དུ་དེང་རབས་ཅན་གྱི་བྱ་གཞག་ལ་སྐུལ་འདེད་བཏང་སྟེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་སྐྲུན་བྱེད་དགོས》ཞེས་པ་ཁ་བྱང་དུ་བཟུང་ནས་གསུང་བཤད་གནང་།
ཞི་ཅིན་ཕིང་གིས་ད་ཐེངས་ནི་ང་ཨ་ཧྥེ་རི་ཁ་སྐམ་ས་ཆེན་མོར་ཡོང་ཐེངས་བཅུ་པ་ཡིན། ཉིས་སྟོང་བཅུ་གསུམ་ལོར་ངས་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་འཁུར་རྗེས་འཚམས་འདྲི་བྱེད་ཐེངས་དང་པོ་ཨ་ཧྥེ་རི་ཁར་ཡོང་ནས། ཨ་ཧྥེ་རི་ཁར་ལྷག་བསམ་རྣམ་དག་བྱེད་པའི་སྲིད་ཇུས་ཀྱི་འདུ་ཤེས་བཏོན་པ་ཡིན། ལོ་ངོ་བཅུ་ཡི་རིང་ལ། ང་ཚོས་འདུ་ཤེས་དེ་རྒྱུན་འཁྱོངས་བྱས་ནས། ཨ་ཧྥེ་རི་ཁའི་གྲོགས་པོ་དང་མཉམ་དུ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་མཉམ་ལས་ཀྱི་སྙིང་སྟོབས་ཁྲོད་ནས་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། མཐུན་སྒྲིལ་མཉམ་ལས་ཀྱི་བགྲོད་ལམ་སྟེང་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱས་པ་དང་། རྒྱལ་སྤྱིའི་འཕོ་འགྱུར་ཁྲོད་དྲང་ལུགས་བརྟན་སྲུང་བྱས་ལ། རིམས་ནད་ཀྱི་འོག་ཏུ་ཕན་ཚུན་རོགས་རེས་བྱས་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་སྟེ། ཆུ་ཚད་སྔར་ལས་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་མཐུན་ཚོགས་པ་དུས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱས་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པའི་ལམ་ནི་སྣ་མང་ཕུན་སུམ་ཚོགས་པ་ཡིན། འཕེལ་རྒྱས་ཀྱི་ལམ་བུ་གང་འདྲ་ཞིག་ཨ་ཧྥེ་རི་ཁ་གླིང་དང་འཚམ་ཤོས་ཡིན་མིན་དེ་མདོར་དེད་ནས་བཤད་ན། ཨ་ཧྥེ་རི་ཁའི་མི་དམངས་ལ་སྐད་ཆ་བཤད་པའི་དབང་ཆ་ཡོད། གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མི་དམངས་ཀྱིས་རང་མོས་ངང་བདམས་པའི་དེང་རབས་ཅན་གྱི་ལམ་བུ་ཞིག་ཡིན་པ་དང་། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཨ་ཧྥེ་རི་ཁའི་དེང་རབས་ཅན་གྱི་ལམ་བུའི་སྟེང་བསྐྱོད་མཁན་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབྱུང་འགྱུར་ལ་ཁ་ཕྱོགས་ཏེ་ཨ་ཧྥེ་རི་ཁ་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་ཨ་ཧྥེ་རི་ཁས་སྐད་ཆ་བཤད་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱས་ནས། རྒྱལ་སྤྱིའི་གོ་གནས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་མནའ་འབྲེལ་དེ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་གཏོགས་ངོ་མ་རུ་འགྱུར་བར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་དང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བཅོས་སྒྱུར་གནད་དོན་ཐད་ནས་ཨ་ཧྥེ་རི་ཁའི་རེ་ཞུའི་གནད་དོན་སྔོན་ལ་ཐག་གཅོད་བྱ་རྒྱུར་དམིགས་བསལ་གྱིས་བཀོད་སྒྲིག་བྱེད་པར་རྒྱབ་སྐྱོར་བྱས་ནས། ཕྱོགས་མང་དངུལ་རྩའི་སྒྲིག་གཞིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་སྐད་ཆ་བཤད་དབང་ཆེ་རུ་གཏོང་རྒྱུའི་རེ་འབོད་བྱ་རྒྱུ་ཡིན་ཞེས་གསུངས།
ཞི་ཅིན་ཕིང་གིས་དུས་རིམ་རྗེས་མར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་པ་དང་། ཨ་ཧྥེ་རི་ཁའི་གཞི་གཅིག་ཅན་དང་དེང་རབས་ཅན་གྱི་བྱ་གཞག་ལ་རོགས་རམ་བྱེད་པའི་ཐད་བྱེད་ཐབས་ཁག་གསུམ་བཏོན་ཡོད་དེ། གཅིག་ནས་ཀྲུང་གོ་ཕྱོགས་ཀྱིས“ཨ་ཧྥེ་རི་ཁའི་བཟོ་ལས་ཅན་ལ་རྒྱབ་སྐྱོར་བྱ་རྒྱུའི་གྲོས་འགོ”འདོན་འདོད་ཡོད། གཉིས་ནས་ཀྲུང་གོ་ཕྱོགས་ཀྱིས“ཀྲུང་གོས་ཨ་ཧྥེ་རི་ཁའི་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཆར་གཞི”ལག་བསྟར་བྱེད་འདོད་ཡོད། གསུམ་ནས་ཀྲུང་གོ་ཕྱོགས་ཀྱིས“ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འཇོན་མི་གསོ་སྐྱོང་གི་མཉམ་ལས་འཆར་གཞི”ལག་བསྟར་བྱེད་འདོད་ཡོད།
ཨ་ཧྥེ་རི་ཁ་ཕྱོགས་ཀྱི་འགོ་ཁྲིད་པས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་ཁབ་གཉིས་ཀས་མཉམ་དུ་ཐེངས་འདིའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་པའི་གླེང་མོལ་ཚོགས་འདུ་འཚོགས་པར་གདེང་འཇོག་ཆེན་པོ་གནང་བ་དང་། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ཨ་ཧྥེ་རི་ཁ་རྒྱལ་ཁབ་དཀའ་ཁག་ལ་འཕྲད་སྐབས་རོགས་རམ་ཆེན་པོ་གནང་བར་བཀའ་དྲིན་ཆེ་ཞུས། ཨ་ཧྥེ་རི་ཁ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་དང་། རྒྱལ་སྤྱིའི་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་པ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་སྐད་ཆ་བཤད་དབང་རྒྱ་སྐྱེད་གཏོང་བ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བཅས་བྱེད་འདོད་ཡོད་ཅེས་བསྟན།
ཚའེ་ཆི་དང་ཝང་དབྱི་སོགས་གླེང་མོལ་ཚོགས་འདུར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།