ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་བྱ་བའི་གྲོས་ཚོགས་ཟླ་བརྒྱད་པའི་ཚེས་ཉེར་ལྔ་ཉིན་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཏང་གི་འཛུགས་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཁྲིན་ཀང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་འཛུགས་སྐྲུན་སྐོར་གྱི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། རྒྱལ་ཡོངས་རྩ་འཛུགས་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ། དུས་རབས་གསར་བའི་རྩ་འཛུགས་བྱ་བའི་འགན་ནུས་དང་ངེས་གནས་ལ་གོ་བ་ཡང་དག་ལེན་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ལས་འགན་སྣ་ཚོགས་ལག་བསྟར་བྱེད་པའི་ཁྲོད་དཔུང་ཁག་དང་བོ་དང་རུ་དཔུང་དང་བོ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀོད་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་རླབས་ཆེན་འཆར་འགོད་མངོན་འགྱུར་བྱེད་ཆེད་ཏང་འཛུགས་ཀྱི་སྣེ་ཁྲིད་དང་རྩ་འཛུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་འཛུགས་སྐྲུན་དང་རྩ་འཛུགས་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་རྒྱལ་ཡོངས་རྩ་འཛུགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་པར་མ་ཟད་སྤྱི་སྡོམ་གཏམ་བཤད་གནང་། ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་ཝང་དབྱང་། ཝུའུ་ལ་ཙི་པེ་ཁི.རེ་སུའུ་ལིས་ཧྭན། ཀྲུའུ་ཞང་ཧྥིན། ལོའུ་ཀང་བཅས་གྲོས་ཚོགས་ལ་ཞུགས།
ཁྲིན་ཀང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་འཛུགས་སྐྲུན་སྐོར་གྱི་དགོངས་པ་གལ་ཆེན་ནི་དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་དང་རྩ་འཛུགས་བྱ་བ་བཟང་བོར་སྒྲུབ་པའི་ཚན་རིག་གི་མཛུབ་ཁྲིད་དང་རྩ་བའི་བསྲུང་བྱ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་འཛུགས་སྐྲུན་སྐོར་གྱི་དགོངས་པ་གལ་ཆེན་གྱི་སྲོག་ཤིང་གོ་དོན་དང་དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་དང་རྩ་འཛུགས་བྱ་བའི་གྲུབ་འབྲས་གལ་ཆེན། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་དང་རྩ་འཛུགས་བྱ་བའི་རེ་བ་གལ་ཆེན། དུས་རབས་གསར་བའི་སྐྱོད་ལམ་གསར་བའི་ཏང་གི་རྩ་འཛུགས་བྱ་བའི་འགན་ནུས་ངེས་གནས། རྒྱལ་ཡོངས་རྩ་འཛུགས་བྱ་བའི་གྲོས་ཚོགས་ཀྱིས་བཀོད་སྒྲིག་བྱས་པའི་ལས་འགན་གཙོ་བོ་བཅས་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་ཏང་གི་འཛུགས་སྐྲུན་དང་རྩ་འཛུགས་བྱ་བའི་ཁ་ཕྱོགས་ཡང་དག་ཁོང་དུ་ཆུད་པར་བྱས་ནས། རྩ་འཛུགས་བྱ་བས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་དགོས།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཞིང་ཆེན་ཡོངས་ཀྱི་ཏང་གི་འཛུགས་སྐྲུན་དང་རྩ་འཛུགས་བྱ་བ་བཟང་བོར་བསྒྲུབ་ན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་བླང་བྱ་ལག་བསྟར་བྱེད་པར་དམིགས་ནས། ཆབ་སྲིད་འཛུགས་སྐྲུན་འབུར་དུ་ཐོན་པར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་དོན་དག་གལ་ཆེན་དུ་བརྩི་བ། ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་ནུས་པ་མཐོར་འདེགས་གཏོང་བ། ཆབ་སྲིད་གླེང་བའི་བླང་བྱ་རྩ་འཛུགས་བྱ་བའི་གོ་རིམ་ཧྲིལ་བོ་དང་ཕྱོགས་སོ་སོར་ཁྱབ་པར་བྱས་ཏེ། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་བཟང་བོར་བསྒྲུབ་དགོས། ཁག་ཁུར་དངོས་སྒྲུབ་འབུར་དུ་ཐོན་པར་བྱེད་པ་དང་། མངོན་གསལ་གྱི་མི་བཀོལ་ཁྲིད་ཕྱོགས་འཛུགས་པ། ཡང་དག་པའི་ཆབ་སྲིད་གྲུབ་འབྲས་ལྟ་བ་ལག་བསྟར་བྱེད་པ། རྩ་བའི་ཇུས་ཆེན་དམ་འཛིན་བྱས་ནས། འགན་ཐེག་ཐུབ་པའི་སྤུས་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས། ཡུན་རིང་གི་འཕེལ་རྒྱས་འབུར་དུ་ཐོན་པར་བྱེད་པ་དང་། ཤེས་ལྡན་མི་སྣའི་བྱ་བའི་གཞན་ངོས་དང་རང་སྣང་། ནང་ཤུགས་དང་ཕྱི་ཤུགས། དབང་བ་དང་བཀོལ་སྤྱོད་བཅས་ཀྱི་འབྲེལ་བ་ཁོང་དུ་ཆུད་པར་བྱེད་པ། རྒྱལ་ཁབ་ཀྱི་ཤེས་ལྡན་མི་སྣའི་སྲིད་ཇུས་ལག་བསྟར་བཟང་བོ་བྱེད་པ། ཕྱོགས་སོ་སོའི་ཕུལ་བྱུང་ཤེས་ལྡན་མི་སྣ་བསྡུ་རུབ་བྱེད་པ། མི་བཀོལ་ཁོར་ཡུག་བཟང་བོ་བསྐྲུན་ནས། ཤེས་ལྡན་མི་སྣ་ནང་འདྲེན་དང་སྐྱེད་སྲིང་། བཀོལ་སྤྱོད་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་དགོས། སྤུས་འདེགས་ནུས་སྤེལ་འབུར་དུ་ཐོན་པར་བྱེད་པ་དང་། ལས་འགན་གལ་ཆེན་ལག་བསྟར་བྱེད་པ་དང་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་པ། འཐབ་རྩོད་ཆེན་པོར་ཁ་གཏད་འཇལ་བའི་ཉམས་ལེན་ཁྲོད་རྩ་འཛུགས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ། ཏང་གི་རྩ་འཛུགས་མ་ལག་སྟོབས་ལྡན་འཛུགས་སྐྲུན་བྱེད་དགོས། ཚད་གཞིའི་བླང་བྱ་འབུར་དུ་ཐོན་པར་བྱེད་པ་དང་། ཏང་ཡོན་གྱི་སྔོན་ཐོན་རང་བཞིན་དང་དག་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པ། གདོང་ལེན་དཔེ་མཚོན་གྱི་ནུས་པ་འདོན་སྤེལ་བྱེད་པའི་སྟེང་ཤུགས་འདོན་པ། ཏང་ཡོན་དཔུང་སྡེ་འཛུགས་སྐྲུན་དམ་འཛིན་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱེད་ཆེད་གདོང་ལེན་གྱི་སྟོབས་ཤུགས་ཆེན་པོ་འདོན་དགོས།
ཁྲིན་ཀང་གིས་རྩ་འཛུགས་ལམ་ཕྱོགས་ཀྱིས་ཆབ་སྲིད་ལམ་ཕྱོགས་ལ་ཞབས་ཞུ་འགན་སྲུང་བྱེད་པའི་རང་རྟོགས་མཐོན་པོས། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དང་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་བྱེད་རྒྱུ་དེ་ལས་འགན་གཙོ་བོ་དང་མགོ་མཇུག་བར་གསུམ་དུ་ཁྱབ་པར་བྱེད་པའི་གཙོ་ཐིག་ཏུ་བརྩི་བ། སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་ནས། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོར་གཅིག་འདོམས་སྦྲེལ་མཐུད་བཟང་བོ་བྱེད་དགོས། ཏང་དང་དཔོན་པོར་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་ལས་བྱེད་པའི་ཁག་ཁུར་འབད་འཐབ་བྱེད་པའི་སྣང་ཚུལ་གཉིས་བསྐྲུན་པ་དང་། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་འཐུས་ཚང་དུ་བཏང་སྟེ། ལས་བྱེད་པའི་ཁག་ཁུར་འབད་འཐབ་བྱེད་པར་སྐུལ་སློང་གཏོང་དགོས། འགོ་ཁྲིད་ལས་བྱེད་པ་དང་གཞི་རིམ་ཏང་འཛུགས། སྤྱོད་ཚུལ་འཛུགས་སྐྲུན་བཅས་ཀྱི་གནད་འགག་གསུམ་དམ་འཛིན་བྱེད་པ་དང་། འགོ་ཁྲིད་ལས་བྱེད་པའི་རང་དཔེ་གཞན་སྟོན་དང་འགོ་ཁྲིད་དེ་དཔེ་སྟོན་བྱེད་པར་སྐུལ་འདེད་གཏོང་བ། གཞི་རིམ་དམ་འཛིན་བྱེད་པའི་ཁྲིད་ཕྱོགས་མངོན་གསལ་བཙུགས་ནས། རྒྱུན་མ་ཆད་པར་སྤྱོད་ཚུལ་འཛུགས་སྐྲུན་བྱེད་དགོས། རྩ་འཛུགས་སྡེ་ཁག་ནི་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་ནུས་སྡེ་ཁག་གཙོ་བོ་ཡིན་པས། ཆབ་སྲིད་གླེང་བ་དང་དྲང་བདེན་འཛིན་པ། ལས་སྒོ་བྱང་ཆུད་པ། སྤྱོད་ཚུལ་བཟང་བའི་རེ་བ་གལ་ཆེན་ལག་བསྟར་ཟབ་མོ་བྱེད་པ་དང་། བློ་མཐུན་ཀྲུའུ་ཀྲི་གོ་མིག་དཔེ་རུ་བྱེད་པ། དཔེ་མཚོན་སྡེ་ཁག་དང་དཔུང་སྡེ་བཟང་བོ་རྒྱུན་མཐུད་ངང་འཛུགས་སྐྲུན་བྱས་ཏེ། ཧུར་ཐག་གིས་དུས་རབས་གསར་བའི་མཚོ་སྔོན་གྱི་ཏང་གི་འཛུགས་སྐྲུན་བྱ་བའི་རྣམ་པ་གསར་བ་བསྐྲུན་དགོས་པའི་རེ་བ་བཏོན།
ཀྲའོ་ཡུའེ་ཞ་ཡིས་སྤྱི་སྡོམ་གཏམ་བཤད་གནང་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་འཛུགས་སྐྲུན་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་རྒྱུས་ལོན་བྱེད་པ་དང་། དགོངས་པའི་དོན་ངོ་མ་སློབ་སྦྱོང་རྒྱུས་ལོན་བྱེད་པ་དང་ཚན་རིག་གི་གོ་དོན་སློབ་སྦྱོང་དང་རྒྱུས་ལོན་བྱེད་པ། ལག་ལེན་གྱི་རེ་བ་ཁོང་དུ་ཆུད་པར་བྱེད་པའི་སྟེང་ཤུགས་བཏོན་ནས། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བླང་བྱའི་སྟེང་གཅིག་གྱུར་བྱེད་དགོས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་དམ་དུ་དམིགས་ནས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་དེར་ཤུགས་སྣོན་པ། ལས་བྱེད་པ་འདེམ་བསྐོ་དང་སྐྱེད་སྲིང་། བཀོལ་སྤྱོད་བྱ་བ་སྔར་ལས་ལེགས་སྒྱུར་བྱེད་པ། ཤེས་ལྡན་མི་སྣས་ཞིང་ཆེན་སྟོབས་ལྡན་དུ་བསྒྱུར་བའི་འཐབ་ཇུས་ལག་བསྟར་བྱེད་པ། ཏང་གི་མི་རིགས་ས་ཁུལ་གྱི་སྲིད་འཛིན་གཞི་རྩ་ཇེ་བརྟན་དུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་བྱ་བའི་ཐད་ནས་ཁག་ཁུར་གསར་བ་མངོན་པ་དང་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་དགོས། དཔེ་མཚོན་སྡེ་ཁག་དང་དཔུང་སྡེ་བཟང་བོ་འཛུགས་སྐྲུན་བྱེད་པ་དང་། ཏང་གི་བློ་དཀར་བའི་ཆབ་སྲིད་ཀྱི་རང་གཤིས་སྦྱོང་བརྡར་བྱེད་པ། དྲང་བདེན་དྲང་ཕྱོགས་ཀྱི་རིན་ཐང་འདུ་ཤེས་ལག་བསྟར་བྱེད་པ། འགན་སྒྲུབ་ཀྱི་ནུས་པ་དང་འཇོན་ཐང་མཐོར་འདེགས་གཏོང་བ། སྤྱོད་གཙང་སྲིད་གཙང་གི་ཆབ་སྲིད་ཀྱི་རང་མདངས་སྲུང་འཛིན་བྱེད་པ། དུས་རབས་གསར་བའི་མཚོ་སྔོན་གྱི་རྩ་འཛུགས་བྱ་བའི་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་ཆེད་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།
ཞིང་ཆེན་ཏང་ཨུའི་ཏང་གི་འཛུགས་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་ཧྲུའུ་ཅི། གྲོང་ཁྱེར་དང་ཁུལ། རྫོང་སོ་སོའི་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ། ཞིང་ཆེན་ཁོངས་གཏོགས་མཐོ་རིམ་སློབ་གྲྭ། ཞིང་ཆེན་ཁོངས་གཏོགས་ཁེ་ལས་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་དང་རྩ་འཛུགས་མི་དོན་སྡེ་ཁག་གི་འགན་ཁུར་བློ་མཐུན། ཏང་རྩ་འཛུགས་འབྲེལ་བ་མཚོ་སྔོན་དུ་ཡོད་པའི་ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས་ཀྱི་རྩ་འཛུགས་མི་དོན་སྡེ་ཁག་གི་འགན་ཁུར་བློ་མཐུན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ལས་དོན་ཚོགས་འདུའི་ཁོངས་མི་དང་པུའུ་ལས་ཁུངས་ཀྱི་ཁྲུའུ་དང་གཞུང་སྒྲུབ་ཁང་སོ་སོ། མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་པའི་སློབ་གླིང་གི་འགན་ཁུར་བློ་མཐུན་བཅས་གྲོས་ཚོགས་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།