ཞི་ཅིན་ཕིང་གིས་ཁོང་ཀོ་པུའུ་ཡི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2023.08.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ས་དེའི་དུས་ཚོད་ཟླ་བརྒྱད་པའི་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡུའེ་ཧན་ནེ་སི་པའོ་རུ། གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་སྐབས་སུ། ཁོང་ཀོ་པུའུ་ཡི་ཙུང་ཐུང་སཱ་སུའུ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་པ་དང་གྲོགས་པོ་བཟང་པོ་ཡིན། ཀྲུང་གོ་དང་ཁོང་ཀོ་པུའུ་ཡི་འབྲེལ་བ་འཕེལ་རྒྱས་ཧ་ཅང་ཡག་པོ་བྱུང་བ་འདི་ནི། སྐུ་ཞབས་ཙུང་ཐུང་གིས་རྒྱལ་ཁབ་གཉིས་ཀའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཀྲུང་གོའི་བར་གྱི་མཛའ་མཐུན་འབྲེལ་བ་རྒྱུན་འཁྱོངས་གནང་བ་དང་ཁ་འབྲལ་ཐབས་མེད། ཁོང་ཀོ་པུའུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་སྲོག་ཤིང་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་ཀྱང་སྔར་བཞིན་ཁོང་ཀོ་པུའུ་ཡི་རང་བཙན་རང་བདག་ལ་སྲུང་སྐྱོབ་དང་ཕྱི་ཕྱོགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས། ཁོང་ཀོ་པུའུ་ཡིས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ནུས་པ་སྔར་ལས་ཆེན་པོ་འདོན་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། སང་ལོ་ཀྲུང་གོ་དང་ཁོང་ཀོ་པུའུ་བར་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་འཁོར་བར་བསུ་མ་ཞུ་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ་པུའུ་ཕྱོགས་དང་མཉམ་དུ་འཆར་འགོད་དང་རྟེན་འབྲེལ་གཟབ་རྒྱས་ཞུས་ཏེ། རྒྱལ་ཁབ་གཉིས་ཀའི་བར་གྱི་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱེད་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བར་གྲུབ་འབྲས་སྔར་ལས་གང་མང་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

སཱ་སུའུ་ཡིས་ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ་པུའུ་ཕྱོགས་ལ་རྒྱབ་སྐྱོར་ཆེན་པོ་དང་རོགས་རམ་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན་ལ། ངས་སང་ལོའི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་འཁོར་བར་རེ་སྒུག་ཆེན་པོ་བྱེད་ཀྱིན་ཡོད། ཕྱོགས་གཉིས་ཀས་སང་ལོར་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་འཁོར་བར་མཉམ་དུ་རྟེན་འབྲེལ་ཞུ་རྒྱུ་དེ་གོ་སྐབས་སུ་བརྩིས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ཁོང་ཀོ་པུའུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འབྲེལ་འདྲིས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་བསྟན།

ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཕྲད་ཁྲོད་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།