ཞི་ཅིན་ཕིང་གིས་དབྱི་ལང་གི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2023.08.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ས་དེའི་དུས་ཚོད་ཟླ་བརྒྱད་པའི་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡུའེ་ཧན་ནེ་སི་པའོ་རུ། གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་སྐབས་སུ། དབྱི་ལང་གི་ཙུང་ཐུང་ལའེ་ཞི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་དབྱི་ལང་གསེར་གྱོམ་རྒྱལ་ཁབ་ཀྱི་ཁོངས་གཏོགས་སུ་གྱུར་པར་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་གིས་ཕྱོགས་སོ་སོའི་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད། གཞི་ནས་ད་ཐེངས་ཀྱི་གསེར་གྱོམ་འགོ་ཁྲིད་པའི་ཐུག་འཕྲད་སྟེང་དུ་ཁོངས་མི་རྒྱ་སྐྱེད་གཏོང་རྒྱུའི་གཏན་འབེབས་བྱས་པ་དེ་ནི་ལོ་རྒྱུས་རང་བཞིན་གྱི་དོན་ཆེན་ཞིག་ཡིན། ཁོངས་གཏོགས་རྒྱལ་ཁབ་གསར་པ་ཚང་མ་ནི་ཤུགས་རྐྱེན་གལ་ཆེན་ལྡན་པའི་རྒྱལ་ཁབ་རྐྱང་རྐྱང་ཡིན་པས། འཛམ་གླིང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་ཡིན་པའི་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱི་ལང་ཕྱོགས་དང་མཉམ་དུ། གསེར་གྱོམ་སོགས་ཕྱོགས་མང་ལས་སྟེགས་བརྒྱུད་དེ་མཉམ་ལས་བྱ་རྒྱུར་ཤུགས་བསྣན་ནས། ཕྱོགས་མང་རིང་ལུགས་བདེ་ཐང་ངང་འཕེལ་རྒྱས་ཆེན་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ད་ལོའི་ཟླ་གཉིས་པར། སྐུ་ཞབས་ཙུང་ཐུང་གིས་ཀྲུང་གོར་འཚམས་འདྲི་བྱས་རྗེས། རྒྱལ་ཁབ་གཉིས་ཀའི་སྡེ་ཁག་སོ་སོས་ང་ཚོའི་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་བྱ་རྒྱུ་དམ་འཛིན་བྱས་ཏེ་དགེ་མཚན་ལྡན་པའི་གྲུབ་འབྲས་བླངས་ཡོད། ཀྲུང་གོ་དང་དབྱི་ལང་། སོ་ཏི་ཨ་རབ་བཅས་ཀྱི་ཐུན་མོང་འབད་བརྩོན་འོག་ཏུ། གཞི་ནས་དབྱི་ལང་དང་སོ་ཏི་ཨ་རབ་གཉིས་འདུམ་འགྲིག་བྱུང་ནས། དབུས་ཤར་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་ལ་སྐུལ་འདེད་བཏང་བར་ང་རང་ངོས་ནས་དགའ་སྤྲོ་ཆེན་པོ་སྐྱེས། ཀྲུང་གོ་ཕྱོགས་ཀྱིས་དབྱི་ལང་བར་གྱི་མཛའ་མཐུན་འབྲེལ་བ་ཇེ་བརྟན་དུ་གཏོང་བ་དང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། ཀྲུང་དབྱིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བར་གྲུབ་འབྲས་སྔར་ལས་གང་མང་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ལའེ་ཞི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་ལང་དང་སོ་ཏི་ཨ་རབ་ཞི་བས་འགྲིག་མཐུན་བྱུང་བའི་ལས་དོན་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན། དབྱི་ལང་ཕྱོགས་ཀྱིས་དབྱི་ལང་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུའི་ངོས་ནས་ཆོད་སེམས་བརྟན་པོ་ཡོད་པས། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་སྔར་ལས་ཇེ་དམ་དུ་བཏང་ནས། “རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད་ཅེས་བསྟན།

ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཕྲད་ཁྲོད་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།