ནང་སོག་གིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ།
2023.08.27 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 10

ནང་སོག་རང་སྐྱོང་ལྗོངས་་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་ནན་ཏན་སྒོས་སྤེལ་ཏེ། སློབ་སྦྱོང་བྱེད་ཞོར་དུ་དཔེ་ལྟ་བྱེད་པ་དང་། ཞིབ་བཤེར་བྱེད་ཞོར་དུ་དག་ཐེར་བྱེད་པའི་རྒྱུན་བསྐྱངས་ནས།  བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་སྔོན་ལ་འཇོག་པའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དེ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་གསར་བས་བརྗོད་དོན་སློབ་གསོའི་ཕན་འབྲས་ལ་ཚད་འཇལ་བྱས།

ནང་སོག་གིས་བརྗོད་དོན་སློབ་གསོ་སྤེལ་བའི་ཁྲོད་དུ། གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་སྐུལ་འདེད། ཞིབ་བཤེར་དག་ཐེར་བཅས་མཉམ་སྲེས་བྱས་ཏེ་གཞི་གཅིག་ཅན་ལ་སྐུལ་འདེད་དང་། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་འགག་རྩ་དང་དཀའ་གནད་དུ་གྱུར་པའི་གནད་དོན་གཙོར་བཟུང་ནས་ཐག་གཅོད་བྱས།

ནང་སོག་གིས་ལོ་རེའི་གཏེར་ཁ་སྔོག་འདོན་དང་བཙོ་སྦྱང་ཐོན་སྐྱེད་ཀྱི་བཟོ་ལས་སྲ་གཟུགས་རྫས་སྙིགས་ཀྱིས་གསོག་འཇོག་བྱེད་ས་བཟུང་བར་མ་ཟད། ཁོར་ཡུག་རྫད་སྐྱོན་གྱི་ཉེན་ཁ་ཡོད་པས། གནད་དོན་འདི་ཐག་གཅོད་པར་དམིགས་ཏེ། སྡེ་ཁག་མང་པོས་མཉམ་འབྲེལ་སྒོས་རྟོག་ཞིབ་བྱས་མཐར། ད་ལྟ་འགྲིམ་འགྲུལ་རྨང་གཞིའི་འཛུགས་སྐྲུན་གྱི་རྣམ་གྲངས་མང་ལ། ལམ་སྐྲུན་རྒྱུ་ཆས་ཀྱི་དགོས་མཁོ་ཆེ་ཞིང་། བཟོ་ལས་སྲ་གཟུགས་རྫས་སྙིགས་ཀྱིས་རྡོ་ཟགས་རྒྱུ་ཆས་ཁ་ཤས་ཀྱི་ཚབ་བྱེད་ཐུབ་པས། བཟོ་ལས་སྲ་གཟུགས་རྫས་སྙིགས་མེད་པར་བཟོ་ཐུབ་པར་མ་ཟད། བཟོ་བསྐྲུན་མ་རྩ་ཡང་ཇེ་དམའ་རུ་གཏོང་ཐུབ་པའི་ཐབས་ལམ་ཤེས་རྟོགས་བྱུང་།

རང་རྒྱལ་བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་གལ་ཆེན་ཞིག་ཡིན་པའི་ཆ་ནས། ནང་སོག་གིས་ནགས་སྐྲུན་རྩྭ་འདེབས་ཀྱི་ལས་དོན་མུ་མཐུད་དུ་སྤེལ་ནས། སྐྱེ་ཁམས་བཅོས་སྐྱོང་དང་སླར་གསོ་ལ་སྐུལ་འདེད་བཏང་། ནང་སོག་ནགས་རྩྭ་སྡེ་ཁག་གིས་འབྲོག་ཁུལ་དུ་རྟོག་ཞིབ་གཏིང་ཟབ་བྱས་རྗེས། རྩྭ་ཡི་ཐོན་ལས་འཕེལ་རྒྱས་ཀྱི་སྲིད་ཇུས་དང་བྱེད་ཐབས། ནགས་རྩྭ་ཐོན་ལས་ཀྱི་འཕེལ་རྒྱས་འཆར་གཞི་སོགས་མྱུར་དུ་སྒྲིག་བཟོ་བྱས་ཏེ། ལམ་ལུགས་སྟེང་རྩྭ་འདེབས་གསོ་སྤེལ་སོགས་ཀྱི་འགག་རྒྱ་སེལ།

བརྗོད་དོན་སློབ་གསོ་གོ་སྐབས་སུ་བྱས་ཏེ། ནང་སོག་གིས་རྒྱལ་ཁབ་གྱི་ནུས་ཁུངས་གལ་ཆེན་དང་འཐབ་ཇུས་ཐོན་ཁུངས་རྟེན་གཞི་བསྐྲུན་པར་སྔར་ལས་ཤུགས་བསྣན་པ་དང་། སྲོལ་རྒྱུན་གྱི་ཐོན་ལས་མུ་འབྲེལ་རྒྱུན་སྲིང་དང་། ནུས་ཁུངས་གསར་བའི་ཐོན་ལས་ཀྱི་མི་འདང་ས་ཁ་གསབ་བྱས་ནས། ནུས་ཁུངས་ཐོན་ལས་ཚུལ་སྒྱུར་རིམ་སྤོར་དང་། ཇེ་རྒྱས་ཇེ་ལེགས་སུ་འགྲོ་བ་མངོན་འགྱུར་བྱུང་།

                                                                                                             རིག་འཛིན་སྒྲོལ་མས་བསྒྱུར།