ཞི་ཅིན་ཕིང་གིས་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱི་བྱ་བའི་སྙན་ཞུར་གསན།
2023.08.27 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཏང་ཨུ་དང་། སྲིད་གཞུང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱི་བྱ་བའི་སྙན་ཞུར་གསན་སྐབས་དུས་རབས་གསར་བའི་ཏང་གི་ཞིན་ཅང་སྐྱོང་བའི་ཇུས་གཞི་ཆ་ཚང་གནད་འཁེལ་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཁྲོད་ཀྱི་ཞིན་ཅང་གི་འཐབ་ཇུས་ངེས་གནས་ཁོང་དུ་ཆུད་པར་བྱེད་པ། བྱ་བའི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་ཏེ་ཁྲིམས་ལྟར་ཞིན་ཅང་སྐྱོང་བ་དང་། མཐུན་སྒྲིལ་བྱས་ནས་ཞིན་ཅང་བརྟན་ལྷིང་ཡོང་བར་བྱེད་པ། རིག་གནས་ཀྱིས་ཞིན་ཅང་དར་རྒྱས་སུ་གཏོང་བ། མི་དམངས་ཕྱུག་པོར་བསྒྱུར་ནས་ཞིན་ཅང་དར་རྒྱས་སུ་གཏོང་བ། དུས་ཡུན་རིང་བོར་ཞིན་ཅང་འཛུགས་སྐྲུན་བྱེད་པ་བཅས་ཀྱི་བྱ་བ་སྣ་ཚོགས་གཏིང་ཟབ་དང་ཏན་ཏིག་ངང་སྒྲུབ་ནས་བརྟན་འཇགས་ཁྲོད་ཡར་རྒྱས་ཡོང་བར་བྱེད་པ་དང་། ཡུན་རིང་བྱས་རྗེས་བཞག་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་སྔར་ལས་མཐུན་སྒྲིལ་འཆམ་མཐུན་དང་། དར་རྒྱས་འབྱོར་ཕྱུག དཔལ་ཡོན་གོང་འཕེལ། བདེ་སྡོད་ལས་བཙོན། སྐྱེ་ཁམས་བཟང་བ་བཅས་ཀྱི་མཛེས་སྡུག་གི་ཞིན་ཅང་འཛུགས་སྐྲུན་བྱེད་དགོས་པར་བསྟན།

ཟླ་བརྒྱད་པའི་ཚེས་ཉེར་དྲུག་ཉིན་ཞི་ཅིན་ཕིང་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་གྲོས་མོལ་ཐེངས་བཅོ་ལྔ་པར་ཞུགས་པ་དང་ཨ་ཧྥེ་རི་ཁ་ལྷོ་མར་རྒྱལ་དོན་འཚམས་འདྲི་མཛད་ཚར་ནས་རྒྱལ་ནང་དུ་ལོག་རྗེས་ཝུའུ་ལུའུ་མུའུ་ཆི་ནས་ཆེད་དུ་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཏང་ཨུ་དང་། སྲིད་གཞུང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱི་བྱ་བའི་སྙན་ཞུར་གསན་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་མཱ་ཞིན་རུའེ་སོགས་ཀྱིས་སྙན་ཞུ་ཕུལ་བ་དང་། རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ཨེར་ཁེན·ཐུའུ་ཉི་ཡ་ཙེ་སོགས་སྙན་ཞུའི་ཚོགས་འདུར་ཞུགས།

སྙན་ཞུར་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ་ཞིན་ཅང་གི་བྱ་བ་སོ་སོར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་མཛད། ཁོང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ཁྲོད་ཞིན་ཅང་གི་བྱ་བར་དམིགས་བསལ་གྱི་གནས་བབ་གལ་ཆེན་ལྡན་ཡོད་ལ། རྒྱལ་ཁབ་སྟོབས་ལྡན་གཏོང་བ་དང་མི་རིགས་བསྐྱར་དར་གྱི་སྤྱི་ཡོངས་དང་ཡང་འབྲེལ་བ་ཡོད། ཞིན་ཅང་གི་བྱ་བ་སྣ་ཚོགས་དང་འབྲེལ་བའི་ཏང་ཀྲུང་དབྱང་གི་རེ་བ་ནི་ཧ་ཅང་གསལ་པོ་ཡིན་པ་དང་། གནད་འགག་ནི་གོ་བ་གནད་ལ་འཁེལ་བ་དང་དོན་ཐོག་ཏུ་འཁྱོལ་བར་བྱེད་རྒྱུ་དེ་ཡིན། མིག་སྔའི་འཕེལ་རྒྱས་དང་བརྟན་ལྷིང་ཐད་འཕྲད་པའི་འབུར་ཐོན་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་ལ། རྒྱང་རིང་གི་ཇུས་འགོད་ཀྱང་བཀོད་ནས་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད་པའི་རྩ་བའི་རང་བཞིན་དང་། རྨང་གཞིའི་རང་བཞིན། རྒྱང་རིང་རང་བཞིན་བཅས་ཀྱི་བྱ་བར་སྐུལ་འདེད་བཏང་ནས། གཏིང་ཟབ་པའི་འགལ་བ་དང་གནད་དོན་སྣ་ཚོགས་ཐག་གཅོད་བཟང་བོ་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་གོ་གནས་ཨང་དང་པོར་བཞག་ནས་བརྟན་ལྷིང་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱོགས་གཉིས་ཀྱི་བྱ་བར་སྤྱི་འདོམས་དང་ཟུང་འབྲེལ་བྱ་རྒྱུར་ཤུགས་བསྣན་ཏེ། བརྟན་ལྷིང་ལ་བརྟེན་ནས་འཕེལ་རྒྱས་ལ་འགན་ལེན་དང་འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་གཏོང་དགོས། ཡུན་རིང་བདེ་འཁོད་ལ་དམིགས་པ་དང་། ཁྲིམས་སྐྱོང་གི་དར་ཆ་མཐོན་པོར་སྒྲེང་བ། བཅའ་ཁྲིམས་ཀྱི་མཚོན་ཆ་སྤྱོད་ཤེས་བྱེད་པ། ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། བརྟན་ལྷིང་གི་ཁྲིམས་སྐྱོང་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་བྱེད་དགོས། ཉེན་ཁ་དང་མངོན་མེད་རྐྱེན་ངན་ཚབས་ཆེན་འགོག་སེལ་གྱི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་འཇིགས་སྐུལ་ལ་ངོ་རྒོལ་དང་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་བརྟན་ལྷིང་སྲུང་སྐྱོང་བྱ་བ་ཁྲིམས་སྐྱོང་ཅན་དང་རྒྱུན་རྣམ་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ་ཟུང་འབྲེལ་བྱས་ཏེ། རྩ་ལག་མཉམ་བཅོས་དང་ཕྱོགས་བསྡུས་ཀྱིས་སྲིད་ཇུས་ལག་བསྟར་བྱེད་པ་མཐའ་འཁྱོངས་ཀྱིས་འབྱུང་རྩ་ནས་བཅོས་སྐྱོང་བྱ་རྒྱུར་ཤུགས་སྣོན་དགོས། དབྱི་སི་ལན་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ་སྣ་ཚོགས་བཅོས་སྐྱོང་ནུས་ལྡན་བྱེད་དགོས། སེམས་ཁྲལ་གྱི་འདུ་ཤེས་ཇེ་ཆེར་གཏོང་བ་དང་། བདེ་དུས་ཉེན་ཁ་དྲན་པ། ལས་དོན་ཁག་དམ་འཛིན་ཞིབ་ཚགས་དང་ཏན་ཏིག་ངང་སྒྲུབ་ནས་ཐོབ་པར་དཀའ་བའི་སྤྱི་ཚོགས་བརྟན་ལྷིང་གི་རྣམ་པ་སྲ་བརྟན་དུ་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་དུས་རབས་གསར་བའི་ཏང་གི་མི་རིགས་ལས་དོན་གྱི་སྙིང་བོ་ཡིན་ལ་མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་སྙིང་བོའང་ཡིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བྱ་བ་དམ་འཛིན་གང་ལེགས་བྱེད་དགོས། བཅའ་ཁྲིམས་དང་ཁྲིམས་སྲོལ་ལམ་ཡང་ན་སྲིད་ཇུས་དང་བྱེད་ཐབས་གང་ཞིག་བཏོན་རུང་ཚང་མས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་རང་བཞིན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བར་ཕན་པ་ཡོད་མེད་དེ་བསམ་གཞིགས་བྱེད་སར་བརྩི་དགོས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་སློབ་གསོ་བློ་བརྟན་འགྱུར་མེད་ཀྱིས་ཁྱབ་སྤེལ་གཏོང་བ་དང་། མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཉེ་བར་བཀོལ་བའི་འདུ་ཤེས་དང་ནུས་པ་རིམ་བཞིན་ཇེ་ཆེར་གཏོང་དགོས། རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བེད་སྤྱོད་བྱེད་རྒྱུར་ཤུགས་བསྣན་ནས་ལས་བྱེད་པ་དང་མང་ཚོགས་ཀྱིས་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། ལོ་རྒྱུས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་རྒྱུར་ཁྲིད་སྟོན་བྱེད་དགོས། ན་གཞོན་ལོ་ཆུང་གི་དེང་རབས་ཀྱི་དཔལ་ཡོན་སློབ་གསོ་དང་ཚན་རྩལ་ཁྱབ་གདལ་གྱི་སློབ་གསོའི་ཤུགས་ཚད་ཇེ་ཆེར་བཏང་ནས་ཁོ་ཚོ་དེང་རབས་ཀྱི་དཔལ་ཡོན་འཚོ་བའི་ནང་ཧུར་ཐག་སྒོས་ཞུགས་པར་ཁྲིད་སྟོན་བྱེད་དགོས། མི་ལྟེ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་བར་སྐུལ་འདེད་གཏོང་བ་དང་། མི་འབོར་དང་ཐོན་ལས་གཅིག་སྡུད་བྱེད་ཚད་མཐོ་རུ་གཏོང་བ། ཕན་ཚུན་འབྲེལ་མཐུད་རྣམ་པའི་སྤྱི་ཚོགས་ཀྱི་གྲུབ་ཚུལ་དང་སྡེ་ཁུལ་གྱི་ཁོར་ཡུག་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། རིགས་སོ་སོའི་མང་ཚོགས་འགྲོ་འོང་དང་། བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་རྣམ་པ་གསར་གཏོད་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་ལས་ཞིན་ཅང་གོ་སྐབས་གསར་བར་འཕྲད་ཡོད་པས་བྱས་རྗེས་གསར་བ་འཇོག་དགོས། ཐོན་ཁུངས་ཀྱི་ཁྱད་སྟོབས་དང་། ཡུལ་བབ་ཀྱི་ཁྱད་སྟོབས། ཐོན་ལས་ཀྱི་རྨང་གཞི་བཅས་ལ་རྐང་བཙུགས་ནས་ཤུགས་ཆེན་པོས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། ཁྱད་ལྡན་ཁྱད་སྟོབས་ཐོན་ལས་གསོ་སྤེལ་དང་སྟོབས་ལྡན་དུ་གཏོང་བ། ཧུར་ཐག་སྒོས་གསར་དར་ཐོན་ལས་འཕེལ་རྒྱས་གཏོང་བ། ཞིན་ཅང་གི་ཁྱད་ཆོས་དང་ཁྱད་སྟོབས་མཚོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་སྒོས་བསྐྲུན་པ། ཞིན་ཅང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས། ཞིན་ཅང་གི་སྤྱི་ཚོགས་བརྟན་ལྷིང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་བྱེད་པའི་དཀའ་ཚེགས་ཆེ་བའི་ལས་འགན་ནི་གྲོང་གསེབ་ཏུ་ཡོད། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་གྲོང་གསེབ་དར་སྤེལ་གཏོང་བ་དེ་འཕེལ་རྒྱས་ཀྱི་གནད་དུ་བཟུང་ནས་དམ་འཛིན་བྱས་ནས་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་བྱ་བར་སྐུལ་འདེད་གཏོང་བའི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ཆུ་བེད་སྒྲིག་བཀོད་འཛུགས་སྐྲུན་དང་ཆུའི་ཐོན་ཁུངས་བཀོད་སྒྲིག་བྱ་བའི་ཤུགས་ཚད་ཇེ་ཆེར་གཏོང་བ། དེང་རབས་ཞིང་ལས་དང་ཉི་འོད་ནུས་པ་སོགས་ཐོན་ལས་གླིང་ཁུལ་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་ཐོན་ཁུངས་ཀྱི་སྤུས་ཚད་ལ་གཞིགས་ནས་འཕེལ་རྒྱས་ཀྱི་འཕར་གནས་གསར་བ་གསོ་སྤེལ་བྱེད་དགོས། ཁ་གཏད་རོགས་སྐྱོར་གྱི་བྱ་བ་ཡག་པོར་སྒྲུབ་པ་དང་། ཞིན་ཅང་དང་ནང་ལོགས་བར་གྱི་ཐོན་ལས་མཉམ་ལས་དང་མི་སྣའི་འགྲོ་འོང་ལ་ཤུགས་སྣོན་པ། ཞིན་ཅང་གི་མང་ཚོགས་ནང་ལོགས་ནས་ལས་ཞུགས་བྱེད་པར་སྐུལ་མ་གཏོང་བ་དང་ཁྲིད་སྟོན་བྱེད་པ། ནང་ལོགས་ཀྱི་མི་མང་བོ་ཞིན་ཅང་དུ་ལས་སྐྲུན་དང་གནས་སྡོད་བྱེད་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས། ཞིན་ཅང་གི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཡུལ་བབ་ཁྱད་སྟོབས་འདོན་སྤེལ་བྱས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་བར་ཞབས་འདེགས་གང་ལེགས་ཞུ་བ་དང་མཉམ་འདྲེས་ཐུབ་པར་བྱས་ཏེ་དོན་དངོས་ལ་རྐང་བཙུགས་ནས་ཕྱི་ཕྱོགས་སྒོ་འབྱེད་བྱ་བ་དམ་འཛིན་བྱེད་པ་དང་རྒྱུད་གཅིག་ལམ་གཅིག་གི་ལྟེ་བའི་ཁུལ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ་ཞིན་ཅང་དེ་རང་རྒྱལ་གྱིས་ནུབ་ཕྱོགས་སུ་སྒོ་འབྱེད་པའི་ཟམ་སྣེའི་མཁར་རྫོང་ཞིག་ཏུ་འགྱུར་བར་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཞིན་ཅང་གི་བྱ་བ་ཡག་པོར་སྒྲུབ་པར་བྱ་བ་སྒྲུབ་ཤུགས་གཞི་རིམ་དུ་འདོན་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། ཏང་ཡོན་དང་ལས་བྱེད་པ་གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་དུ་འགྲོ་བ། རྩ་འཛུགས་མ་ལག་དང་བྱ་བའི་ཤུགས་ཚད་གཞི་རིམ་དུ་ཐད་ཀར་བཏང་ནས་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་སྟོབས་ཤུགས་ཇེ་ཆེར་གཏོང་དགོས། གཞི་རིམ་གྱི་ཏང་རྩ་འཛུགས་སྟོབས་ལྡན་དུ་གཏོང་བ་དང་། གཞི་རིམ་གྱི་ཏང་རྩ་འཛུགས་ཡོངས་སུ་ཁྱབ་པར་བྱེད་པ། གཞི་རིམ་གྱི་ཏང་རྩ་འཛུགས་འགའ་ཤས་ནུས་མེད་ལྷོད་གཡེང་དུ་གནས་པའི་གནད་དོན་ཐག་གཅོད་བཅས་བྱེད་དགོས། གཙོ་གནད་གྲོང་གསེབ་ལ་ཧྲུའུ་ཅི་དང་པོ་དང་བྱ་བའི་རུ་ཁག་འདེམས་མངགས་བྱེད་པའི་ལམ་ལུགས་ཇེ་ལེགས་སུ་བཏང་སྟེ་སྡེ་བར་བཅའ་སྡོད་བྱ་བའི་རུ་ཁག་མངགས་ནས་ས་ཆ་དེ་གའི་ལས་བྱེད་པ་གསོ་སྐྱོང་བྱེད་དགོས། དུས་རབས་གསར་བའི་ཧྥིན་ཆའོ་ཉམས་མྱོང་རྒྱུན་འཁྱོངས་དང་གོང་སྤེལ་བཏང་སྟེ། མང་ཚོགས་ཀྱི་བདེ་སྡུག་གསལ་བོར་ཤེས་པ་དང་། གཞི་རིམ་མང་ཚོགས་ཀྱི་དཀའ་ངལ་དང་འགལ་བ་དུས་ཐོག་ཏུ་སེལ་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དྲང་ཕྱོགས་ཀྱི་དྲིལ་བསྒྲགས་ལ་ཤུགས་བསྣན་ནས་ཞིན་ཅང་གི་སྒོ་འབྱེད་གདེང་ཚོད་ཀྱི་རྣམ་པ་གསར་བ་དང་སྣང་ཚུལ་གསར་བ་མངོན་པར་བྱས་ཏེ་ཐབས་ལམ་མང་བོ་དང་རྣམ་པ་མང་བོ་བརྒྱུད་དེ་དུས་རབས་གསར་བའི་ཞིན་ཅང་གི་གཏམ་རྒྱུད་ཡག་པོ་བརྗོད་པ་དང་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་དྲང་གཞག་མིན་པའི་གླེང་ཕྱོགས་དང་། ལྡོག་ཕྱོགས་ཀྱི་གླེང་ཕྱོགས། གནོད་ཡོད་གཏམ་བརྗོད་བཅས་ལ་དགག་རྒྱག་ནན་མོ་བྱེད་དགོས། ཞིན་ཅང་གི་ཡུལ་སྐོར་སྒོ་འབྱེད་ཀྱི་ཤུགས་ཚད་ཇེ་ཆེར་བཏང་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་ཞིན་ཅང་དུ་ཡུལ་སྐོར་བྱེད་པར་ཡོང་བར་སྐུལ་མ་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་བྱས་ནས་དམག་དཔུང་དང་ས་གནས་གཅིག་གྱུར་འཆར་འགོད་བྱེད་པ་མཐའ་འཁྱོངས་བྱས་ནས་འཇིགས་སྐུལ་ལ་ངོ་རྒོལ་དང་བརྟན་ལྷིང་ལ་སྲུང་སྐྱོང་། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ། ལས་བྱེད་ཤེས་ལྡན་པ་སོགས་ཀྱི་ཐད་མཉམ་འདྲེས་བྱེད་ཤུགས་ཇེ་ཆེར་བཏང་ནས་དམག་མི་དང་ས་གནས་མཉམ་འདྲེས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གང་ལེགས་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཞིན་ཅང་གི་བྱ་བ་ཡག་པོར་སྒྲུབ་པའི་གནད་འགག་ནི་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་གང་ལེགས་བྱེད་དགོས། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ནས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་དགོས། སྐོར་ཁག་དང་པོའི་བརྗོད་དོན་སློབ་གསོའི་ཉམས་མྱོང་བཟང་བོ་ཕྱོགས་བསྡོམས་དང་། སྐོར་ཁག་གཉིས་པའི་བརྗོད་དོན་སློབ་གསོ་སྤུས་ཚད་མཐོ་བའི་སྒོ་ནས་སྤེལ་དགོས་ལ། ཞིན་ཅང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལས་བྱེད་པའི་དཔུང་ཁག་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་སྲིད་ཇུས་གསོ་སྦྱོང་ལ་ཤུགས་བསྣན་ནས་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པའི་བརྟག་དཔྱད་ཞིབ་འཇུག་དང་། སྲིད་ཇུས་ཁོང་དུ་ཆུད་པ། བྱ་བར་སྐུལ་འདེད་གཏོང་བ། མང་ཚོགས་དང་འབྲེལ་གཏུག་བྱེད་པ་བཅས་ཀྱི་ནུས་པ་ཇེ་ཆེར་གཏོང་དགོས། ལས་བྱེད་པའི་དཔུང་སྡེའི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་སྲུང་བྱེད་པ། ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་བརྟན་དུ་གཏོང་བ་བཅས་བྱེད་དགོས། ཞིན་ཅང་དང་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་ནང་ལོགས་ས་ཁུལ་གྱི་ལས་བྱེད་པའི་བརྗེ་རེས་དང་། ལས་ཁུར་འགན་ཁུར་ལ་ཤུགས་སྣོན་པ་དང་། ལས་བྱེད་པའི་གྲུབ་ཚུལ་ལེགས་སྒྱུར་དང་། ཆེད་ལས་ཅན་གྱི་བྱང་ཚད་ཇེ་མཐོར་གཏོང་དགོས། སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ཁྲིམས་ནན་གཏོང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པར་མུ་མཐུད་དུ་སྐུལ་འདེད་བཏང་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་གསར་སྐྲུན་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་སྙན་ཞུ་ཚོགས་འདུར་ཞུགས།

ཝང་དབྱི་དང་། ཧྲི་ཐེ་ཧྥིན། ལིས་ཀན་ཅེ། ཧི་ཝེ་ཏུང་། ཧི་ལིས་ཧྥུན། ཁྲིན་ཝུན་ཆིན། ཝང་ཞའོ་ཧུང་། དེ་མིན་བརྗོད་དོན་སློབ་གསོའི་ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་བཅོ་ལྔ་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་སྙན་ཞུ་ཚོགས་འདུར་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།