ཀྲུང་གོ་ཕྱིར་གཏོང་ནང་འདྲེན་དངུལ་ཁང་གིས་བརྗོད་དོན་སློབ་གསོ་སྤེལ།
2023.08.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

ཀྲུང་གོ་ཕྱིར་གཏོང་ནང་འདྲེན་དངུལ་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་ཏན་ཏིག་ངང་སྤེལ་བ་དང་། ཕྱི་ཕྱོགས་ཚོང་དོན་གྱིས་དཔལ་འབྱོར་བརྟན་གཏོང་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ལ། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་གཅིག་སྡུད་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དངུལ་རྩའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་ཀྱིན་ཡོད།

བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། ཀྲུང་གོ་ཕྱིར་གཏོང་ནང་འདྲེན་དངུལ་ཁང་གིས་སློབ་སྦྱོང་བྱེད་ཞོར་དུ་རྟོག་ཞིབ་བྱེད་པ་དང་ཞིབ་བཤེར་བྱེད་ཞོར་དུ་དག་ཐེར་བྱེད་པའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ནས། རྟོག་ཞིབ་བྱས་པའི་རིང་ཤེས་རྟོགས་བྱུང་བའི་གནད་དོན་ཅི་ཡོད་དུས་ཐོག་ཏུ་ཕྱོགས་བསྡུས་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་ལས་དོན་འདི་ཉིད་ཏང་ཨུའི་ལྟེ་བའི་ལས་དོན་དང་ཐབས་ཇུས་ཀྱི་དགོས་མཁོ་དང་ཟུང་འབྲེལ་དམ་ཟབ་བྱས་ནས། གནད་དོན་གྱི་གསལ་ཁྲ་དང་འགན་འཁྲིའི་གསལ་ཁྲ། ལས་འགན་གྱི་གསལ་ཁྲ། དེ་བཞིན་རྟོག་ཞིབ་གྲུབ་འབྲས་ཚུལ་སྒྱུར་བེད་སྤྱོད་ཀྱི་གསལ་ཁྲ་བཅས་རིམ་བཞིན་བཟོས། བརྟག་དཔྱད་ཞིབ་འཇུག་བྱས་ཏེ་དངོས་སུ་ཤེས་རྟོགས་བྱུང་བའི་གནད་དོན་རེ་གསུམ་ལ་མིག་སྔར་རེ་རེ་བཞིན་དག་ཐེར་ཡོ་བསྲང་བྱེད་ཐབས་བཟོ་བཞིན་ཡོད། ཚན་རྩལ་ཅན་གྱི་ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་བྱེད་པ་ནས་ཐོན་རྫས་ཚོང་རར་འདོན་པའི་བར་དུ་དུས་ཡུན་ཅུང་རིང་བ་དང་། རྟག་ཏུ་དངུལ་ཁང་གི་ཡིད་རྟོན་དངུལ་བུན་གཏོང་བའི་དུས་བཅད་དང་མི་འཚམ་པ་ནི་བརྟག་དཔྱད་ཞིབ་འཇུག་བྱས་པའི་སྐབས་ཤེས་རྟོགས་བྱུང་བའི་གནད་དོན་གྲས་ཀྱི་གཅིག་ཡིན། ཝུའུ་ཧན་གྱི་ཁེ་ལས་འདིས་ད་ལོའི་ལོ་འགོར་ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས། མཐོ་རིམ་ཐོན་རྫས་ཁྲོམ་རར་གང་མགྱོགས་ཀྱིས་འདོན་རྒྱུའི་གཏན་འབེབས་བྱས་ནའང་། དངོས་སུ་མ་དངུལ་བསྡུ་སྒྲིག་བྱེད་སྐབས་དཀའ་ཁག་ལ་འཕྲད་ཡོད། དེར་བརྟེན་ཀྲུང་གོ་ཕྱིར་གཏོང་ནང་འདྲེན་དངུལ་ཁང་གིས་རང་ངོས་ཀྱི་མ་དངུལ་གཞི་ཁྱོན་ཆེ་བ་དང་དངུལ་བུན་གྱི་དུས་ཡུན་རིང་བ་སོགས་སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས་ནས། བཟོ་སྐྲུན་ལས་རིགས་ཀྱི་ཞིབ་འཇུག་གསར་སྤེལ་གསར་གཏོད་དང་སྦྲེལ་ཐག་འགོར་འགྱངས་ཁ་གསབ་ཀྱི་ཆེད་དོན་ཡིད་རྟོན་དངུལ་བུན་གྱི་སྲིད་ཇུས་གསར་གཏོད་བྱས་ནས་དངོས་སུ་བཏོན་ཡོད།

དུས་མཚུངས་སུ། ཀྲུང་གོ་ཕྱིར་གཏོང་ནང་འདྲེན་དངུལ་ཁང་གིས་ད་དུང་དུས་ཡུན་རིང་བོའི་ནང་ཕྱི་ཕྱོགས་ཚོང་དོན་དང་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཁྱབ་ཁོངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ལག་ཆ་སྣ་ཚོགས་ཕྱོགས་བསྡུས་ངང་སྤྱད་དེ། ཕྱི་ཕྱོགས་ཚོང་དོན་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས། མིག་སྔའི་བར་དངུལ་ཁང་གི་དངུལ་བུན་ལྷག་གྲངས་ཁྲོད་ཕྱི་ཕྱོགས་ཉོ་ཚོང་ཐོན་ལས་ཀྱི་དངུལ་བུན་གྱིས་སྤྱིའི་དངུལ་བུན་ལྷག་གྲངས་ཀྱི་ཕྱེད་ཀ་ཡན་ཟིན་པ་དང་། བཟོ་སྐྲུན་ལས་རིགས་ཀྱི་དངུལ་བུན་གྱིས་དངུལ་ཁང་ལས་རིགས་སྤྱིའི་ཁྲོད་ཨང་དང་པོ་ཟིན་ཡོད་ལ།  དེའི་ནང་དུས་ཡུན་རིང་འབྲིང་གི་དངུལ་བུན་གྱིས་བརྒྱ་ཆའི་གྱ་དྲུག་ཟིན་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།