ཁྲིན་ཀང་གིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱས།
2023.08.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བརྒྱད་པའི་ཚེས་ཉེར་དྲུག་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་རྒྱལ་སྤྱིའི་སྐྱེ་ཁམས་དམིགས་འབེན་ས་ཆ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཚད་གཞི་མཐོ་བའི་འཆར་འགོད་ནི་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་བླ་སྲོག་ཡིན་པས། མིག་སྔར་རྐང་འཛུགས་པ་དང་ཡུན་རིང་ལ་དམིགས་པ། ཀུན་གྱི་བློ་རིག་གཅིག་ཏུ་བསྡུ་བ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱེད་པ། འཆར་འགོད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཆོག་པ་དང་སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་སུ་གཏོང་ཐུབ་པ། མི་དམངས་མང་ཚོགས་ལ་ཕན་འབྲས་ཐོབ་པའི་མཉམ་རྒྱལ་གྱི་ལམ་བུ་ཞིག་འཚོལ་ཞིབ་བྱེད་དགོས།

ཁྲིན་ཀང་ནུབ་ལྕེ་དང་གཅིག་ལྔ་གཅིག་ལྗོངས་རྒྱུ་ཁུལ། བྱེ་གླིང་ལྗོངས་རྒྱུ་ཁུལ་དང་མཐོན་པོ་རི་བོའི་སྐྱེ་ཁམས་གནས་སྐོར་དང་དམར་པོའི་སློབ་གསོ་རྟེན་གཞི་རུ་སོང་ནས། ཡུལ་དངོས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཆར་འགོད་ཞིབ་འཇུག་སྒྲིག་བཟོ། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན། ལྗོངས་རྒྱུ་ཁུལ་འཁོར་རྒྱུག་དོ་དམ། བྱེ་འགོག་བྱེ་བཅོས་དང་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ནས་བཏོན་པའི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ་སོགས་ཀྱི་བྱ་བ་སྤེལ་བའི་གནས་ཚུལ་ལ་ལྟ་ཞིབ་དང་རྒྱུས་ལོན་བྱས་པ་དང་། མཚོ་སྔོན་པོའི་ཆུ་རྒྱས་ཚད་དང་གནས་སྐོར་བ་སྣེ་ལེན་ནུས་པ། གསེར་ཉའི་འཛིན་བཟུང་བཀག་འགོག་སོགས་ཀྱི་གནས་ཚུལ་གསལ་བོར་དྲིས་ལ། ཕྱོགས་སོ་སོས་བསམ་བློ་གཅིག་གྱུར་བྱེད་པ་དང་། མཉམ་ཤུགས་གྲུབ་པར་བྱས་ནས་བྱ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་དང་། ལྷག་པར་དུ་གནས་སྐོར་འགྲིམ་འགྲུལ་དྲ་རྒྱ་འཐུས་ཚང་དུ་གཏོང་བ་དང་། མཚོ་སྔོན་པོའི་སྨན་བཅོས་ཞབས་ཞུ་ས་ཚིགས་འཛུགས་པ་སོགས་ཀྱི་བྱེད་ཐབས་ལ་ཁས་ལེན་གང་ལེགས་བྱས། ཁྲིན་ཀང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་རྒྱལ་དོན་གལ་ཆེན་ཡིན་པའི་རེ་བ་གལ་ཆེན་སེམས་ལ་འཛིན་པ་དང་། རང་བྱུང་ཁམས་ལ་བརྩི་མཐོང་བྱེད་པ་དང་རང་བྱུང་ཁམས་དང་མཐུན་པར་བྱེད་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བྱེད་པ། གུས་ཞེད་ཀྱི་འདུ་ཤེས་བཅངས་ནས། མཚོ་སྔོན་པོ་རུ་འཚོ་སྡོད་བྱེད་པའི་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པ་དང་། མཚོ་སྔོན་པོའི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་གི་རྣམ་པར་སྲུང་སྐྱོབ་བྱེད་དགོས།

ཁྲིན་ཀང་གིས་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། མཚོ་སྔོན་པོ་ནི་རབ་མཛེས་མཚོ་སྔོན་གྱི་ཉམས་འགྱུར་དང་ཕྱིའི་རྣམ་པ་མངོན་པའི་སྒེའུ་ཁུང་གལ་ཆེན་ཡིན་པ་དང་། མཚོ་སྔོན་པོའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་རྒྱུ་ནི་རྒྱལ་སྤྱིའི་གནས་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པས། ལས་གཉེར་ལས་སྐྲུན་གྱི་སྙིང་སྟོབས་ནམ་ཡང་རྒྱུན་འཁྱོངས་བྱེད་པ་དང་། སྟོབས་ཤུགས་ཆེན་པོས་ཕྱོགས་སོ་སོའི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ་དང་ཕྱོགས་མང་པོས་རྩོད་སྒྲུབ་ཞིབ་འཇུག་བྱེད་པ། རང་བྱུང་ཁོར་ཡུག་དང་བུ་རབས་ཚ་རྒྱུད་ལ་འགན་ཁུར་བའི་རྣམ་འགྱུར་ལ་བརྟེན་ནས། དངོས་ཐོག་བདེན་འཚོལ་གྱིས་ལོ་རྒྱུས་དང་དུས་ཚོད་ཀྱི་ཉམས་སད་ཐེག་པའི་སྤུས་ཚད་མཐོ་བའི་འཆར་འགོད་གཏན་འབེབས་བྱེད་དགོས། ཆུ་དྭངས་རི་ལྗང་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། རྩིས་ཆེན་པོ་དང་ཡུན་རིང་གི་རྩིས། ཕྱོགས་བསྡུས་ཀྱི་རྩིས་རྒྱག་པ་བཅས་རྒྱུན་འཁྱོངས་བྱེད་པ། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་གཅིག་འདོམས་བྱས་ནས། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གནོད་བྱེད་པའི་འབུར་ཐོན་གནད་དོན་ཐག་གཅོད་དགོས། གནས་ཚུལ་དངོས་ལ་ཟུང་འབྲེལ་བྱེད་པ་དང་། འཕེལ་རྒྱས་ཀྱི་ཆོས་ཉིད་གཞི་འཛིན་ས་རུ་བྱེད་པ། སྔོན་དུ་ཚོད་ལྟ་བྱེད་པ་དང་དེའི་རྗེས་ལག་བསྟར་བྱེད་པ་དང་། ཞིབ་བརྐོས་ཚགས་དཀྲོལ་དང་བྱེད་ཐབས་བཟང་བོ་སྤྱད་དེ། ལྗོངས་རྒྱུ་ཁུལ་འཛུགས་སྐྲུན་ཐད་ནས་ལོ་རེ་རེར་ཡར་ཐོན་ཡོང་བ་མངོན་འགྱུར་བྱེད་དགོས། ལྗོངས་རྒྱུ་ཁུལ་གྱི་ཞབས་ཞུ་དོ་དམ་ལེགས་སྒྱུར་བྱེད་པ་དང་། སྔར་ཡོད་ཀྱི་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོ་སྤྱི་སྡོམ་བྱེད་པ། ལྗོངས་རྒྱུ་ཁུལ་གཞན་པའི་དོ་དམ་ཉམས་མྱོང་ལ་དཔེ་ལྟ་བྱེད་པ། བློ་བསྡུས་དགེ་འཚོལ་དང་ཇུས་ཤུགས་མཉམ་འདོན་བྱེད་པ། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཚོང་རའི་སྟོབས་ཤུགས་བེད་སྤྱོད་པ། ཁེ་ཕན་བགོ་བཤའ་དང་མཉམ་འབྲེལ་རྐྱེན་སྲོལ་རྒྱུན་མ་ཆད་པར་འཐུས་ཚང་དུ་བཏང་སྟེ། གནས་སྐོར་པའི་གནས་སྐོར་ཉམས་ཞིབ་ཀྱི་ཡིད་ཚིམ་ཚད་མཐོར་འདེགས་གཏོང་བ་དང་། མིས་བཟོས་བཟོ་སྐྲུན་དང་མཐའ་འཁོར་གྱི་ཁོར་ཡུག་འཆམ་མཐུན་མཉམ་བསྲེས་བྱེད་པ། གནས་སྐོར་གསར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོབ། བདེ་འཇགས་ཐོན་སྐྱེད་ཕན་ཚུན་རོགས་འདེགས་སུ་འགྱུར་བར་བྱེད་དགོས།

ཞིང་ཆེན་གྱི་འགོ་ཁྲིད་ཀྲུའུ་ཞང་ཧྥིན་དང་ལོའུ་ཀང་། ཧི་ལུའུ་ཁྲུན་བཅས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།