ཝུའུ་ཞའོ་ཅུན་གྱིས་མཚོ་ལྷོ་ཁུལ་དུ་རྟོག་ཞིབ་བྱས།
2023.08.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བརྒྱད་པའི་ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་དྲུག་ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་དང་། ཐུན་ཏེ་རྫོང་། ཀོས་ནན་རྫོང་བཅས་སུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་དང་དངོས་འབེབས་བྱེད་དགོས་ལ། མི་འདང་ས་ཁ་གསབ་དང་ཉམ་ཞན་ཤུགས་དྲག་ཏུ་གཏོང་བ། དགེ་མཚན་དར་སྤེལ་བྱེད་པ་བཅས་འབུར་དུ་ཐོན་པར་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་ཕན་ཡོད་སྦྲེལ་མཐུད་བྱེད་པར་སྐུལ་འདེད་ནན་མོ་བཏང་ནས། རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས།

དཀར་མོ་གཡང་འཁྱིལ་ཆུ་གློག་ས་ཚིགས་དང་། ཞིན་ཧེ་རྫོང་ལོ་དགུའི་འོས་འགན་ལམ་ལུགས་སློབ་གྲྭའི་རྣམ་གྲངས་འཛུགས་སྐྲུན་ས་ཚིགས། ཐང་ནག་གནས་སྤོར་སྡོད་དམངས་བཀོད་སྒྲིག་བྱེད་ས་དང་འདུས་སྡོད་གྲོང་རྡལ་འཛུགས་སྐྲུན་རྣམ་གྲངས་ས་ཚིགས། ཐུན་ཏེ་རྫོང་རྐ་རྒན་ཆུ་མཛོད་བཅས་སུ། ཝུའུ་ཞའོ་ཅུན་གྱིས་རྣམ་གྲངས་འཛུགས་སྐྲུན་དང་། ཕན་འབྲས་འདོན་སྤེལ་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། ཡུལ་དངོས་ནས་དཀའ་གནད་མཐུན་སྦྱོར་དང་ཐག་གཅོད་བྱས། ཁོས་ནན་གྱིས་བསྟན་དོན། རྣམ་གྲངས་ཀྱི་སྤུས་ཚད་དོ་དམ་ལ་ཤུགས་སྣོན་བྱས་ཏེ། ཞབས་ཞུ་འགན་སྲུང་ཇེ་དྲག་དང་། བདེ་འཇགས་མཐའ་མཚམས་བརྟན་སྲུང་བྱས་ནས། སྤུས་ལེགས་བཟོ་བཀོད་བསྐྲུན་དགོས། གནས་སྤོར་སྡོད་དམངས་བཀོད་སྒྲིག་བྱ་བ་སྤུས་ཚད་མཐོན་པོས་སྒྲུབ་སྟེ། ཐོན་ལས་འདེགས་སྐྱོར་ནུས་ཚད་ཇེ་ཆེར་གཏོང་བ་དང་། སྔར་ལས་མཛེས་པའི་ཁྱིམ་གཞིས་བསྐྲུན་ནས་སྔར་ལས་ལྷག་པའི་མཛེས་སྡུག་འཚོ་བ་བསྐྲུན་དགོས།

ཞིན་ཧེ་རྫོང་གེ་སེར་ཚོང་ལས་སྲང་ལམ་དང་། ཐུན་ཏེ་རྫོང་འབའ་ལུང་ཡུལ་ཚོ་འབའ་མདོ་སྡེ་བ། རྐ་འབའ་སུམ་མདོ་གྲོང་རྡལ་པད་ཁོ་སྡེ་བ། དེང་རབས་ཕྱུགས་ལས་ཚན་རྩལ་ཐོན་ལས་དཔེ་སྟོན་གླིང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཕྱུགས་རྩྭ་འདེབས་གསོ་ཚད་ཡོད་འགན་འཁྲི་ཀུང་ཟི། ཀོས་ནན་རྫོང་ལས་རིགས་ལག་རྩལ་སློབ་གྲྭ། མཐོ་སྒང་སྐྱེ་ཁམས་སྲུང་སྐྱོབ་སློབ་གསོའི་རྟེན་གཞི། མགོ་མང་གྲོང་རྡལ་སྨར་ཁམས་སྡེ་བ་སོགས་སུ། ཝུའུ་ཞའོ་ཅུན་གྱིས་ལས་བྱེད་མང་ཚོགས་དང་མཉམ་དུ་བརྗེ་རེས་ཟབ་མོ་བྱས་ལ། ཐོན་ལས་འཕེལ་རྒྱས་དང་། ཁེ་ལས་བདག་གཉེར། གྲོང་གསེབ་འཛུགས་སྐྲུན། ཡོངས་འཕར་ཕྱུག་འགྱུར་སོགས་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོས་ནན་གྱིས་བསྟན་དོན། རང་བྱུང་ཐོན་ཁུངས་ལ་གཞི་བཅོལ་ཏེ། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་དང་རྒྱ་ཆེ་རུ་གཏོང་བ། ཁྱད་ལྡན་ཞིང་ཕྱུགས་ལས་སྤུས་ལེགས་ཅན་དུ་གཏོང་བ་དང་ཞིང་འབྲེལ་ཞིང་ཁྲིད་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། མང་ཚོགས་ཀྱི་ཡོང་སྒོ་འཕར་བར་རྒྱུན་ཆད་མེད་པའི་སྐུལ་ཁྲིད་བྱེད་དགོས། གྲོང་གསེབ་དར་སྤེལ་ལ་ཁ་ཕྱོགས་པའི་ལས་རིགས་སློབ་གསོ་འཕེལ་རྒྱས་སུ་བཏང་སྟེ། ཐོན་ལས་སློབ་གསོ་མཉམ་སྲེས་ཀྱི་སློབ་སྒྲུབ་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། སྟོབས་ལྡན་གྱི་འཇོན་མིའི་འདེགས་སྐྱོར་འདོན་སྤྲོད་བྱེད་པར་ཤུགས་འདོན་དགོས། བྱེ་འགོག་བྱེ་བཅོས་ལས་དོན་ལ་འགྱུར་བ་མེད་པའི་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་དམངས་ཕན་དམངས་ཕྱུག་བྱ་བར་སྐུལ་འདེད་གཏོང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོབ་པ་བྱེད་དགོས།

མཚོ་ལྷོའི་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ཏང་ཨུ་དང་སྲིད་གཞུང་དང་། གྲོང་གསེབ་དར་སྤེལ་ཅུའུ། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་ཞུགས་པའི་བཞུགས་མོལ་ཚོགས་འདུའི་སྟེང་། ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཕྱོགས་སོ་སོའི་འགན་འཁྲི་དངོས་འབེབས་བྱེད་རྒྱུ་དམ་འཛིན་ནན་མོ་བྱས་ཏེ། ཁོངས་གཏོགས་འགན་འཁྲི་ཇེ་དམ་ཇེ་ནན་དུ་གཏོང་བ་དང་། སྡེ་ཁག་མཐུན་སྦྱོར་མཉམ་འབྲེལ་ཤུགས་དྲག་ཏུ་གཏོང་བ། སྡེ་སྡོད་རོགས་སྐྱོར་ཕན་འབྲས་མཐོ་རུ་གཏོང་དགོས། དབུལ་ཐར་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་ངང་འཕར་བར་སྐུལ་འདེད་ནན་མོ་བཏང་སྟེ། ལྟ་ཞིབ་ཞིབ་བཤེར་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། ཐོན་ལས་དང་ལས་ཞུགས་རོགས་སྐྱོར་ཐད་སྔར་ལས་ཤུགས་འདོན་པ་དང་དམ་འཛིན་བྱེད་དགོས། མ་དངུལ་དང་རྣམ་གྲངས་བེད་སྤྱོད་དོ་དམ་བྱེད་སྟངས་སྔར་ལས་ཚད་ལྡན་གཟབ་ནན་དུ་བཏང་སྟེ། རིགས་སོ་སོའི་རོགས་སྐྱོར་མ་དངུལ་ལ་དོ་དམ་དང་ལྟ་སྐུལ་ནན་མོ་བྱེད་དགོས་ལ། རྣམ་གྲངས་དོ་དམ་ཇེ་དྲག་ཏུ་བཏང་ནས། ཡུན་ཕན་དོ་དམ་སྲུང་སྐྱོབ་རྐྱེན་སྲོལ་འཐུས་ཚང་བཙུགས་ཏེ། རྒྱུན་མཐུད་ཀྱི་ཕན་འབྲས་འདོན་སྤེལ་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས། བདེ་སྡོད་ལས་འཚམ་དང་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་སྟེང་འབད་འབུངས་བྱས་ཏེ། དོན་དངོས་གསར་སྐྲུན་རང་བཞིན་དང་ཟུང་འབྲེལ་གྱིས་ཀྲེ་ཅང་གི་སྟོང་ཁྲིའི་བཟོ་སྐྲུན་གྱི་ཉམས་མྱོང་ཁྱབ་སྤེལ་བྱེད་པ་དང་། གྲོང་གསེབ་འཛུགས་སྐྲུན་ལ་གོ་རིམ་ལྡན་ཞིང་ནན་ཏན་གྱིས་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ། ཡུལ་གཞན་གནས་སྤོར་རྗེས་ཀྱི་རོགས་འདེགས་བྱ་བར་ཤུགས་སྣོན་པ་བཅས་བྱས་ཏེ། གྲོང་གསེབ་བཅོས་སྐྱོང་ཕན་ནུས་ཤུགས་ཆེན་པོས་མཐོ་རུ་གཏོང་དགོས། བརྫད་སྐྱོན་འགོག་བཅོས་མཁྲེགས་གཏོར་བྱ་བ་ལེགས་པོར་སྒྲུབ་སྟེ། ཞོད་འགོག་གནོད་སྐྱོབ་དང་། བདེ་འཇགས་ཐོན་སྐྱེད་སོགས་ལས་དོན་ཁག་སོ་སོ་ཞིབ་ཚགས་ངང་དམ་འཛིན་བྱས་ནས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས།

ཚེ་རིང་ཐར་འབྲེལ་ཡོད་བྱ་འགུལ་ཁྲོད་ཞུགས།

                                                                                                          རིག་འཛིན་སྒྲོལ་མས་བསྒྱུར།