ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱིས་གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱེད་པའི་ཡུལ་དངོས་མཚམས་སྦྱོར་ཚོགས་འདུ་བསྡུས།
2023.08.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བརྒྱད་པའི་ཚེས་ཉེར་ལྔ་ཉིན། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱིས་གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱེད་པའི་ཡུལ་དངོས་མཚམས་སྦྱོར་ཚོགས་འདུ་ཟི་ལིང་གྲོང་ཁྱེར་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ནས་བསྡུས། གྲོས་ཚོགས་ནས་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་བྱ་བའི་ཕན་འབྲས་དང་ཉམས་མྱོང་སྤྱི་བསྡོམས་བརྗེ་རེས་བྱས་པ་དང་། དུས་རིམ་རྗེས་མའི་ལས་འགན་གཙོ་བོར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐང་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ་གཏམ་བཤད། ཧྲིན་ཀྲང་གཞོན་པ་ཧི་ལུའུ་ཁྲུན་ཚོགས་འདུར་ཞུགས་ནས་གཏམ་བཤད།

གྲོས་ཚོགས་ནས་བསྟན་དོན། གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བ་ནི་རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པ་མངོན་འགྱུར་བྱེད་པའི་ཐབས་ལམ་གཙོ་བོ་ཡིན་པས། ས་ཁུལ་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བ་ལས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ། ནང་མཁོར་སྐུལ་ཁྲིད་བྱེད་པ། ཡིད་ཆེས་ཇེ་དྲག་ཏུ་གཏོང་བ། དཔལ་འབྱོར་སླར་གསོ་བྱེད་པ་བཅས་ཀྱི་ཁྲོད་ནས་ཐོན་པའི་ནུས་པ་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ཀྱི་ཡོང་སྒོ་འཕར་བ་གནད་དུ་འཛིན་པ་དང་ཁྱད་ལྡན་ཁྱད་སྟོབས་འབུར་དུ་ཐོན་པར་བྱས་ནས། རྨང་གཞིའི་སྒྲིག་ཆས་ལེགས་བཅོས་བྱེད་པའི་བྱ་བ་བཟང་བོར་སྒྲུབ་སྟེ། གྲོང་གསེབ་ཡུལ་སྐོར་དེ་ད་ཡོད་ཀྱི་རྨང་གཞིའི་སྟེང་འཕར་སྣོན་དང་ལེགས་སྒྱུར། འཕེལ་རྒྱས་བཅས་འབྱུང་བར་སྐུལ་འདེད་གཏོང་དགོས་ཟེར།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། འཆར་འགོད་ཁྲིད་སྟོན་རྒྱུན་འཁྱོངས་བྱེད་པ་དང་རྨང་གཞིའི་སྒྲིག་ཆས་འཐུང་ཚང་དུ་གཏོང་བ། རིག་གནས་ཁྱད་ཆོས་སྔོག་འདོན་བྱེད་པ། ནུས་ལྡན་ཐོན་ཁུངས་ཕན་འབྲས་ལྡན་པར་བྱེད་པ། དཔེ་སྟོན་མ་དཔེ་གསོ་སྤེལ་བྱེད་པ། འཇོན་མིའི་གསོ་སྐྱོང་ལ་ཤུགས་སྣོན་པ། བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་སོགས་ཕྱོགས་བརྒྱད་ནས་གཅིག་བསྡུས་ཤུགས་འདོན་བྱས་ཤིང་། སྔར་ལས་རྒྱ་ཆེ་བའི་བསམ་ཕྱོགས་དང་དངོས་གཉེར་གྱི་བྱེད་ཐབས། སྔར་ལས་ནུས་ལྡན་གྱི་འགུལ་སྐྱོད་སྤེལ་ཏེ། གྲོང་གསེབ་ཡུལ་སྐོར་སྐས་རིམ་གསར་བ་ཞིག་ཏུ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཡུལ་སྐོར་གྱིས་གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱེད་པའི་ཐད་བྱས་རྗེས་གསར་བ་འཇོག་དགོས་ཟེར།

ཚོགས་འདུ་མ་བསྡུས་གོང་ཚོགས་ཞུགས་མི་སྣས་གཅིག་བསྡུས་ཀྱིས་རྟ་ཐང་རྫོང་ཞེ་ཀུག་ཡུལ་ཚོ་ཡའོ་ཏུང་སྡེ་བའི་གྲོང་གསེབ་ཡུལ་སྐོར་གྱི་ཞིང་ལས་ལ་སྐུལ་ཁྲིད་གཏོང་བ་དང་། ཧྲོ་པེ་བོད་རིགས་ཡུལ་ཚོ་ཏའེ་ཐུང་ཀྲོང་སྡེ་བའི་ཨ་ཆེན་གངས་རྒྱབ་ནས་བཟོ་ལས་རིག་གནས་ཡུལ་སྐོར་ཐོན་ལས་ར་བའི་ཐོན་ལས་གཅིག་གཉིས་གསུམ་པའི་འདྲེས་སྦྱོར་འཕེལ་རྒྱས་གནས་ཚུལ་ལ་ལྟ་སྦྱོང་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།