སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིན་ཅང་དུ་གནང་བའི་གསུང་བཤད་གལ་ཆེན་ལ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲོད་དུ་ཚུར་སྣང་ཆེན་པོ་བྱུང་།
2023.08.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བརྒྱད་པའི་ཚེས་ཉེར་དྲུག་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱི་ལས་དོན་སྙན་ཞུར་གསན་སྐབས། དུས་རབས་གསར་བའི་ཏང་གི་ཞིན་ཅང་སྐྱོང་བའི་ཇུས་གཞི་ཆ་ཚང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱས་ནས། རྒྱལ་ཁབ་སྤྱིའི་འཐབ་ཇུས་ཁྲོད་ཀྱི་ཞིན་ཅང་གི་འཐབ་ཇུས་ངེས་གནས་ཁོང་དུ་བརྟན་པོར་ཆུད་པར་བྱེད་པ་དང་། ལས་དོན་གྱི་སྤྱིའི་དམིགས་འབེན་དམ་འཛིན་གང་ལེགས་བྱས་ཏེ། ཞིན་ཅང་ཁྲིམས་ལྟར་སྐྱོང་བ་དང་མཐུན་སྒྲིལ་བྱས་ནས་ཞིན་ཅང་བརྟན་ལྷིང་ཡོང་བར་བྱེད་པ། རིག་གནས་ཀྱིས་ཞིན་ཅང་དར་རྒྱས་གཏོང་བ། ཞིན་ཅང་ཡུན་རིང་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ལས་དོན་ཁག་གཏིང་ཟབ་དང་ཏན་ཏིག་ངང་སྒྲུབ་དགོས་ཞེས་ནན་གྱིས་གསུངས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཞིན་ཅང་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ཆེན་པོ་བྱུང་བ་དང་། ཚང་མས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཞི་རྐང་དུ་འཛིན་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་སྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འཕེལ་རིམ་ཁྲོད་གོ་སྐབས་གསར་བ་བརྩོན་ལེན་བྱས་ནས། བྱས་རྗེས་གསར་བ་མངོན་གང་ཐུབ་བྱས་ཏེ། མཐུན་སྒྲིལ་འཆམ་མཐུན་དང་དར་རྒྱས་འབྱོར་ཕྱུག དཔལ་ཡོན་ཡར་ཐོན། བདེ་སྡོད་ལས་བརྩོན། སྐྱེ་ཁམས་ལེགས་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཞིན་ཅང་སྔར་ལས་ལེགས་པའི་སྒོ་ནས་བསྐྲུན་དགོས་ཞེས་བསྟན།

ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱིའི་ཁྲོད་དུ་ཞིན་ཅང་གི་ལས་དོན་ལ་དམིགས་བསལ་གྱི་གནས་བབ་གལ་ཆེན་ལྡན་ཡོད་ལ། དེ་ནི་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་གྱི་ཁྱོན་ཡོངས་དང་འབྲེལ་བ་ངེས་ཅན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རྣམ་ཀུན་ཏུ་ཞིན་ཅང་གི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་ལྷིང་བཅས་ལ་ཐུགས་ཁུར་ཆེན་པོ་གནང་གིན་ཡོད་ཅིང་། ཞིན་ཅང་གི་མི་རིགས་སོ་སོའི་མང་ཚོགས་ལའང་ཐུགས་ཁུར་གནང་གིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི། དུས་རབས་གསར་བའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་གནད་ཅིག་ཡིན་ལ། མི་རིགས་ས་ཁུལ་གྱི་ལས་དོན་སོ་སོའི་གཙོ་གནད་ཅིག་ཀྱང་ཡིན་ཞེས་གསུངས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོན་ཁུངས་ཀྱི་ལེགས་ཆ་དང་ས་བབ་ཀྱི་ལེགས་ཆ། ཐོན་ལས་ཀྱི་རྨང་གཞི་བཅས་ནས་རྐང་ཚུགས་པར་བྱས་ཏེ། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཁྱད་ལྡན་ཁྱད་སྟོབས་ཐོན་ལས་གསོ་སྐྱོང་དང་སྟོབས་ལྡན་དུ་གཏོང་བ། གསར་དར་ཐོན་ལས་ཧུར་ཐག་གིས་འཕེལ་རྒྱས་ཧུར་ཐག་གཏོང་བ། ཞིན་ཅང་གི་ཁྱད་ཆོས་དང་ལེགས་ཆ་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་སྐྲུན་པ། “རྒྱུད་གཅིག་ལམ་གཅིག”གི་ལྟེ་བའི་ཁུལ་འཛུགས་སྐྲུན་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས། ཞིན་ཅང་འདི་ཉིད་རང་རྒྱལ་གྱིས་ནུབ་ཕྱོགས་སུ་སྒོ་མོ་འབྱེད་པའི་ཟམ་སྣེའི་བཙན་རྫོང་དུ་འགྱུར་བར་བྱེད་དགོས་ཞེས་ནན་གྱིས་གསུངས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱིས་ཞིན་ཅང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་གནང་།

ཞིན་ཅང་གི་སྤྱི་ཚོགས་བརྟན་ལྷིང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་བྱེད་པའི་དཀའ་ཚེགས་ཆེ་ཤོས་ཀྱི་ལས་འགན་དེ་གྲོང་གསེབ་ཏུ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིན་ཅང་གི་ལས་དོན་ཡག་པོ་སྒྲུབ་པར་སྟོབས་ཤུགས་གཞི་རིམ་དུ་འདོན་རྒྱུ་རྒྱུན་འཁྱོངས་བྱས་ནས། རྩ་འཛུགས་མ་ལག་དང་ལས་ཀའི་སྟོབས་ཤུགས་གཞི་རིམ་དུ་ཐད་ཀར་ཕྱོགས་ཐུབ་པར་བྱས་ཏེ། གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་སྟོབས་ཤུགས་སྔར་ལས་ཆེ་རུ་གཏོང་དགོས་ཞེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།