ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་ཀྲུང་དབྱང་གི་འཇོན་མིའི་ལས་དོན་ཚོགས་འདུའི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ། ཕྱོགས་ཡོངས་ནས་ན་གཞོན་ཚན་རྩལ་འཇོན་མི་གསོ་སྐྱོང་དང་བེད་སྤྱོད་ཡག་པོ་བྱེད་པ་བཅས་ཀྱི་ཆེད་དུ། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས། ན་གཞོན་ཚན་རྩལ་འཇོན་མི་གསོ་སྐྱོང་དང་བེད་སྤྱོད་ལ་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་བྱེད་ཐབས་འགའ་ཞེས་པ་པར་འགྲེམས་བྱས།
བྱེད་ཐབས་འགའ་ཞེས་པ་ལས་ནན་གྱིས་བསྟན་དོན། ཏང་གིས་དུས་རབས་གསར་བའི་ན་གཞོན་ཚན་རྩལ་འཇོན་མིའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཐོག་མའི་བསམ་འདུན་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས། ན་གཞོན་ཚན་རྩལ་འཇོན་མི་བསྡུ་འགུག་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད་དུ། ལང་ཚོ་དང་བློ་གྲོས་ལེགས་སྐྱེས་སུ་འབུལ་དགོས།
བྱེད་ཐབས་འགའ་ཞེས་པ་ལས་བསྟན་དོན། ན་གཞོན་ཚན་རྩལ་འཇོན་མིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་པ་དང་། ན་གཞོན་ཚན་རྩལ་འཇོན་མིས་རྒྱལ་ཁབ་ཀྱི་ཚན་རྩལ་ལས་འགན་གལ་ཆེན་ཁྲོད་འགན་ཆེན་པོ་འཁུར་བར་རྒྱབ་སྐྱོར་བྱེད་དགོས། རྒྱལ་ཁབ་ཀྱི་ཚན་རྩལ་གསར་གཏོད་རྟེན་གཞི་ཡིས་ན་གཞོན་ཚན་རྩལ་འཇོན་མི་གསོ་སྐྱོང་དང་བེད་སྤྱོད་ཤུགས་ཆེན་བྱེད་པ་དང་། གཞི་རྩའི་ཚན་ཞིབ་ལས་སྒོའི་གྲོན་དངུལ་གྱིས་ལས་རིགས་སྔ་དུས་ཀྱི་ན་གཞོན་ཚན་རྩལ་འཇོན་མིར་རྒྱབ་སྐྱོར་བརྟན་པོ་བྱེད་ཤུགས་ཆེ་རུ་གཏོང་བ། རང་བྱུང་ཚན་རིག་ཁྱབ་ཁོངས་ཀྱི་འབུམ་རམས་པ་ཕྱི་ཚར་གྱི་གསོ་སྐྱོང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ན་གཞོན་ཚན་རྩལ་འཇོན་མིས་ཇུས་ཐག་གཅོད་པའི་བློ་འདྲིའི་ནུས་པ་འདོན་སྤེལ་སྔར་ལས་གང་ལེགས་བྱེད་དགོས།
བྱེད་ཐབས་འགའ་ཞེས་པ་ལས་ན་གཞོན་ཚན་རྩལ་འཇོན་མིའི་ཚན་ཞིབ་མིན་པའི་ཁུར་པོ་སྔར་ལས་ཇེ་ཡང་དུ་གཏོང་བ་དང་། ན་གཞོན་ཚན་རྩལ་འཇོན་མིས་རྒྱལ་སྤྱིའི་ཚན་རྩལ་བརྗེ་རེས་དང་མཉམ་ལས་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།