རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིང་དུ་འཚོགས།
2023.08.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས།  ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚོགས་འདུར་མགོ་འཛིན་གནང་།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཡོན་ཧྲུའུ་ཧུང་གིས་ཕུལ་བའི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུར་ཉན། འཆར་ཟིན་གྱི་ཐེངས་གསུམ་པར་ཞིབ་བཤེར་བྱས་པའི་མ་ཡིག་གིས་སྲིད་འཛིན་བསྐྱར་གྲོས་ཀྱི་འགན་སྒྲུབ་འགན་ལེན་ལ་ཤུགས་སྣོན་དང་འབྲེལ་ཡོད་ལས་ཀའི་བླང་བྱ་འཐུས་ཚང་དུ་གཏོང་བ། སྲིད་འཛིན་བསྐྱར་གྲོས་ཀྱི་བསྡུ་ལེན་ནུས་པ་ཆེ་རུ་གཏོང་བ་སོགས་བྱས་ཡོད།

ཚོགས་ཐོག་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཀྲིག་ཀོང་ཆོན་གྱིས་ཕུལ་བའི་ཕྱི་རྒྱལ་གྱི་ཁྲིམས་སྒོ་རང་བཙན་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུར་ཉན། འཆར་ཟིན་གྱི་ཐེངས་གཉིས་པར་ཞིབ་བཤེར་བྱས་པའི་མ་ཡིག་གིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཞིབ་བསམ་འཆར་དང་ཕྱོགས་གང་ཅིའི་ཐད་ཀྱི་བསམ་འཆར་ལ་དམ་པོར་དམིགས་ཏེ། མ་ཡིག་ལ་བཟོ་བཅོས་བརྒྱབ་ནས་འཐུས་སྒོ་ཇེ་ཚང་དུ་བཏང་ཡོད།

ཚོགས་ཐོག་ནས་ཀྲོའུ་ཀོང་ཆོན་གྱིས་ཕུལ་བའི་དམངས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུར་ཉན། འཆར་ཟིན་གྱི་ཐེངས་གཉིས་པར་ཞིབ་བཤེར་བྱས་པའི་མ་ཡིག་གིས་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་གྱོད་གཞིའི་ས་ཁོངས་བདག་ཁོངས་སྐོར་གྱི་འབྲེལ་ཡོད་གཏན་འབེབས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། བདག་སྐྱོང་བྱེད་དབང་གི་འགལ་ཟླའི་གནད་དོན་མཐུན་སྦྱོར་འོས་འཚམ་བྱེད་པ། འབྲེལ་ཡོད་གཏན་འབེབས་འཐུས་ཚང་དུ་གཏོང་བ་སོགས་བྱས་ཡོད།

རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་གོང་གསལ་གྱི་འཆར་ཟིན་གསུམ་ཅུང་གནད་ཁེལ་འཐུས་ཚང་བྱུང་འདུག་སྙམ་ནས། ད་རེས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གྲོས་ཞིབ་དང་གྲོས་འཆམ་བྱ་རྒྱུར་འབུལ་རྒྱུའི་གྲོས་འགོ་བཏོན།

ཚོགས་ཐོག་ནས་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་མཱ་ཁྲའོ་ཞུའུ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་ཕུལ་བའི།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨེ་ཁྭ་ཏོར་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིད་སྐྱེལ་ཆིངས་ཡིག》ལ་གྲོས་ཞིབ་དང་ཆོག་མཆན་གནང་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞིའི་གསལ་བཤད་ལ་ཉན།

ཚོགས་ཐོག་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་དབྱང་ཞའོ་ཁྲའོ་ཡིས་ཕུལ་བའི། འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུར་ཉན།

ཚོགས་ཐོག་ནས་ད་དུང་བསྐོ་འཐེན་གྱི་འབྲེལ་ཡོད་གྲོས་གཞིར་གྲོས་ཞིབ་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།