ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་འབུར་ཐོན་གནད་དོན་དག་ཐེར་བྱ་བའི་བཀོད་གཏོང་གྲོས་ཚོགས་བསྡུས།
2023.08.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་འབུར་ཐོན་གནད་དོན་དག་ཐེར་བྱ་བའི་བཀོད་གཏོང་གྲོས་ཚོགས་ཟི་ལིང་དུ་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་དགོངས་དོན་གལ་ཆེན་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ། དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བཀོད་སྒྲིག་གསར་བ་དང་བླང་བྱ་གསར་བ་ཁོང་དུ་དམ་པོར་ཆུད་པར་བྱེད་པ། རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་བཅངས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གནད་དོན་དག་ཐེར་བྱེད་པ་ཇེ་དམ་ཇེ་ནན་དུ་བཏང་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་འཕེལ་རིམ་གསར་བ་རྒྱུན་ཆད་མེད་པར་ལེན་དགོས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན་དག་ཐེར་བྱ་བ་དམ་འཛིན་གང་ལེགས་བྱེད་རྒྱུ་ནི། ཞི་ཅིན་ཕིང་གི་སྐྱེ་ཁམས་དགོངས་པ་ལག་བསྟར་བྱེད་པའི་གཞི་རྩའི་ལག་ལེན་ཡིན་ལ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་གཙོ་གཞི་གལ་ཆེན་ཞིག་ཀྱང་ཡིན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཡུན་རིང་རང་བཞིན་དང་། རྙོག་འཛིང་རང་བཞིན། དཀའ་ཚེགས་རང་བཞིན་བཅས་ལ་ངོས་འཛིན་གསལ་བོ་བྱས་ཏེ། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཚད་གཞི་སྔར་ལས་མཐོན་པོ་དང་། བླང་བྱ་སྔར་ལས་ནན་མོ། བྱེད་ཐབས་སྔར་ལས་དམ་པོས་ཕྱོགས་ཡོངས་ནས་མི་འདང་ས་ཁ་གསབ་དང་། ཉམ་ཞན་ཇེ་དྲག མཐོར་འདེགས་ལ་སྐུལ་འདེད་བཏང་ནས། དོན་དངོས་འགུལ་སྐྱོད་ལ་བརྟེན་ནས་གཏན་ཕབ་གཉིས་ལ་སྲུང་སྐྱོབ་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བྱེད་དགོས། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པར་དམིགས་ཏེ། སྲོལ་རྒྱུན་ཐོན་ལས་རིག་ནུས་ཅན་དང་ལྗང་མདོག་ཅན་དུ་ཚུལ་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་རྒྱ་བསྐྱེད་པ། ནུས་ཤུགས་གཅིག་སྡུས་ཀྱིས་ལྗང་མདོག་ཐཱན་ཉུང་གི་འཁོར་སྐྱོད་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་དགོས། གནད་ཁེལ་བརྫད་བཅོས་དང་། ཚན་རིག་བརྫད་བཅོས། ཁྲིམས་ལྟར་བརྫད་བཅོས་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ནུས་ཚད་སྲུང་འཛིན་དང་ཟབ་ཚད་ཆེར་བསྐྱེད། ཁྱབ་ཁོངས་རྒྱ་བསྐྱེད་བཏང་ནས། གནམ་སྔོན། ཆུ་དྭངས། ས་གཙང་བཅས་ལ་སྲུང་སྐྱོབ་བྱེད་པའི་ལས་དོན་རྒྱུན་མཐུད་ངང་སྒྲུབ་དགོས། རི། ཆུ། ནགས། ཞིང་། མཚེའུ། རྩྭ་ས། བྱེ་ས། འཁྱག་དར་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོ་ཡི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། རྒྱུན་རྣམ་ཅན་གྱི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ནུས་ཤུགས་ཡོད་དགུས་སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་འཇགས་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་མཐོ་རུ་གཏོང་དགོས།

ཝུའུ་ཞའོ་ཅུན་གྱིས་བླང་བྱ་བཏོན་དོན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཏང་སྲིད་འགན་འཁྲི་མཉམ་ཁུར་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་ཀྱི་ལམ་ལུགས་དངོས་འབེབས་ནན་མོ་བྱས་ཏེ། བྱ་བའི་བཀོད་གཏོང་རྐྱེན་སྲོལ་དང་། གནད་དོན་རང་འགུལ་ཤེས་རྟོགས་རྐྱེན་སྲོལ། དཀའ་གནད་མཐུན་སྦྱོར་འགག་སྒྲོལ་རྐྱེན་སྲོལ། རྗེས་འདེད་ལྟ་ཞིབ་སྔོན་བརྡའི་རྐྱེན་སྲོལ་བཅས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་།  རྩ་ལག་མཉམ་བཅོས་དང་ཉེ་རྒྱང་ཟུང་སྦྲེལ། ཡུན་ཕན་ཡུན་བཅོས་བཅས་འབུར་དུ་ཐོན་པར་བྱས་ཏེ། ནུས་ཡོད་དང་གོ་རིམ་ཡོད་པ། ཕན་འབྲས་ལྡན་པ་བཅས་ཀྱི་སྒོ་ནས་ལས་དོན་ཁག་གི་ལས་འགན་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་དགོས། འབྲེལ་ཡོད་འགན་ནུས་སྡེ་ཁག་སོ་སོས་འཕེལ་རྒྱས་དོ་དམ་དང་ཐོན་སྐྱེད་དོ་དམ། ལས་རིགས་དོ་དམ་བྱ་བ་དངོས་འབེབས་ནན་མོ་བྱས་ཏེ་ངེས་པར་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བླང་བྱར་དོ་དམ་བྱེད་དགོས་ལ། ཁག་ཁུར་བྱེད་ཕྱོགས་སྔར་ལས་ལྷག་པ་དང་། མཐུན་སྦྱོར་མཉམ་འབྲེལ་ལ་ཤུགས་སྣོན། ལྟ་སྐུལ་དོ་དམ་ནུས་ཚད་ཆེ་རུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ནུས་པ་དང་ཆུ་ཚད་མུ་མཐུད་མཐོར་འདེགས་བཏང་སྟེ། རྒྱབ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་བརྟན་པོར་བསྐྲུན་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས།

གྲོས་ཚོགས་སྟེང་། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་དང་། ཞིང་ཆེན་འབྲེལ་ཡོད་སྡེ་ཁག་སོ་སོས་རང་ས་གནས་དང་། རང་སྡེ་ཁག་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་གནས་ཚུལ་སྙན་ཞུ་བྱས།

ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་མགོ་འཛིན་བྱས།

                                                                                                              རིག་འཛིན་སྒྲོལ་མས་བསྒྱུར།