ཀྲའོ་ལི་ཅི་ཡིས་ཨ་རབ་གྲོས་ཚོགས་ཀྱི་གྲོས་དཔོན་དང་གྲོས་མོལ་གནང་།
2023.08.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཨ་རབ་གྲོས་ཚོགས་ཀྱི་གྲོས་དཔོན་ཨིག་ཧྲུའུ་མུས་དང་གྲོས་མོལ་གནང་།

ཀྲའོ་ལི་ཅི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨ་རབ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག་ཏུ། ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་ཕྱོགས་དང་མཉམ་དུ་སྐབས་དང་པོའི་ཀྲུང་ཨའི་རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱས་ནས། དུས་རབས་གསར་བར་ཁ་ཕྱོགས་པའི་ཀྲུང་ཨའི་ལས་སྐལ་གཅིག་མཐུན་ཚོགས་པ་ནུས་ཤུགས་ཡོད་རྒུས་བསྐྲུན་འདོད་ཡོད་ཅེས་གསུངས།

ཀྲའོ་ལི་ཅི་ཡིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པས། ཕན་ཚུན་བར་དུ་ཐུན་མོང་གི་ཁེ་ཕན་ཆེན་པོ་ལྡན། ཕྱོགས་གཉིས་ཀས་ཆབ་སྲིད་ཀྱི་ངོས་ནས་ཕན་ཚུན་ཡིད་ཆེས་བྱེད་ཚད་མུ་མཐུད་ཇེ་བརྟན་དུ་བཏང་སྟེ། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ནས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་བར་གྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་བཏང་སྟེ། 《ཀྲུང་ཨའི་རྩེ་ཚོགས་སྐབས་དང་པོའི་ལི་ཡ་ཏིའི་བསྒྲགས་གཏམ》གྱི་དགོངས་དོན་དོན་འཁྱོལ་བྱས་ནས། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་འདོད་ཡོད། དཔལ་ཡོན་བརྗེ་རེས་ཧུར་ཐག་བྱས་ནས། མཛའ་མཐུན་མཉམ་ལས་ཀྱི་དམངས་བློའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས་ཞེས་གསུངས།

ཀྲའོ་ལི་ཅི་ཡིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་ཨ་རབ་གྲོས་ཚོགས་བར་བརྗེ་རེས་ལམ་སྲོལ་དངོས་སུ་བཙུགས་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་གསར་བ་སྣོན་འདོད་ཡོད། ཕྱོགས་གཉིས་ཀས་རིམ་པ་སོ་སོའི་འགྲོ་འོང་གཏིང་ཟབ་ཏུ་གཏོང་བ་དང་། ཁྲིམས་འཛུགས་ལྟ་སྐུལ་སོགས་ཐད་ཀྱི་ཉམས་མྱོང་བརྗེ་རེས་བྱེད་པ། གྲོས་མོལ་སྦྲེལ་མཐུད་སོགས་རྒྱལ་སྤྱི་དང་ས་ཁུལ་རྩ་འཛུགས་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ་བཅས་བྱས་ནས། ཀྲུང་ཨའི་ལས་སྐལ་གཅིག་མཐུན་ཚོགས་པའི་དུས་རབས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུའི་རེ་ལྟོས་བཅངས་ཡོད་ཅེས་གསུངས།

ཀྲའོ་ལི་ཅི་ཡིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་ནས། ཀྲུང་གོས་ཨ་རབ་རྒྱལ་ཁབ་ཀྱིས་རང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ལམ་བུ་རང་བརྟེན་ངང་འཚོལ་ཞིབ་བྱ་རྒྱུར་བརྩི་འཇོག་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། དེ་དང་མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཨ་རབ་རྒྱལ་ཁབ་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ནས། གཉིས་ཕན་གཉིས་རྒྱལ་ཡོང་བར་བྱ་རྒྱུ་ཡིན་ཞེས་གསུངས།

ཨིག་ཧྲུའུ་མུས་ཀྱིས་ཨ་རབ་རྒྱལ་ཁབ་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱས་ནས། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ། གོ་ལ་ཧྲིལ་པོའི་དཔལ་ཡོན་གྱི་གྲོས་འགོ་བཅས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཨ་རབ་གྲོས་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་བརྗེ་རེས་བྱ་རྒྱུར་ཤུགས་བསྣན་ནས། ཨ་ཀྲུང་གི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ཁྲིམས་འཛུགས་སྒྲིག་གཞིས་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་བསྟན།

གྲོས་མོལ་གྲོལ་རྗེས།  ཀྲའོ་ལི་ཅི་དང་ཨིག་ཧྲུའུ་མུས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་ཨ་རབ་གྲོས་ཚོགས་བར་བརྗེ་རེས་ལམ་སྲོལ་བཙུགས་པའི་བཟོད་སྒོམ་བརྗེད་ཐོ་བཀོད།

ཀྲིན་ཅན་པང་གྲོས་མོལ་ཁྲོད་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།