ཁྲིན་ཀང་གིས་ཀྲུང་གོ་ཚན་རིག་གླིང་མཚོ་སྔོན་ཚྭ་མཚོ་ཞིབ་འཇུག་ཁང་དང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་དུ་རྟོག་ཞིབ་བྱས།
2023.08.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཀྱི་ཕྱི་དྲོར།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཀྲུང་གོ་ཚན་རིག་གླིང་མཚོ་སྔོན་ཚྭ་མཚོ་ཞིབ་འཇུག་ཁང་དང་ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་དུ་རྟོག་ཞིབ་བྱས་ཏེ།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་གསར་སྐྲུན་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།   མཚོ་སྔོན་གྱི་ས་གཞིར་རྐང་བཙུགས་ཏེ་ཚན་རྩལ་གྱི་ཡང་རྩེར་སྙེག་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པར་ཚན་རྩལ་གསར་སྐྲུན་གྱི་སྟོབས་ཤུགས་འབུལ་དགོས་ཞེས་ནན་གྱིས་བསྟན།

ཁྲིན་ཀང་མཚོ་སྔོན་ཚྭ་མཚོ་ཞིབ་འཇུག་ཁང་གི་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བཟོ་སྐྲུན་ལག་རྩལ་ལྟེ་གནས་དང་ཚྭ་མཚོའི་ཐོན་ཁུངས་ཀྱི་རྫས་འགྱུར་ཚོད་ལྟ་ཁང་།   ཚྭ་མཚོའི་རྫས་འགྱུར་དབྱེ་ཞིབ་ཚོད་ལྟ་ལྟེ་གནས།  ཚན་རྩལ་གྲུབ་འབྲས་འགྲེམ་སྟོན་ཁང་བཅས་སུ་སོང་ནས་ཞིབ་འཇུག་མི་སྣ་དང་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས་ཏེ་ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་གྲུབ་འབྲས་དང་མཚོ་སྔོན་ཚྭ་མཚོའི་ཐོན་ལས་ཀྱི་ཐུན་མིན་དགེ་མཚན་ལ་རྒྱུས་ལོན་བྱས།   ཁོས་བསྟན་དོན།   མཚོ་སྔོན་ཚྭ་མཚོ་ཞིབ་འཇུག་ཁང་ནི་མཚོ་སྔོན་ལ་རྐང་བཙུགས་ཏེ་ཚྭ་མཚོའི་ཆེད་དུ་བཙུགས་པ་ཡིན་ལ།   རྒྱལ་ཁབ་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་ཚྭ་མཚོའི་ཚན་རྩལ་ལས་དོན་ཐད་བྱས་རྗེས་གལ་ཆེན་བཞག་ཡོད།  ཁྲོམ་རའི་མདུན་ལྗོངས་དང་ཐོན་ལས་བདེ་འཇགས་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ཏེ་ཚན་རིག་ལག་རྩལ་གསར་བ་འཚོལ་ཞིབ་བྱེད་པ་དང་མ་འོངས་པའི་འཕེལ་རྒྱས་གོ་སྐབས་དམ་འཛིན་བྱེད་པ།    ལག་རྩལ་གྲབས་གསོག་དང་གཞི་གྲངས་གསོག་འཇོག་བཟང་བོ་བྱས་ཏེ་ཚྭ་མཚོའི་ཐོན་ཁུངས་ཀྱི་ལྷད་མེད་རིན་མཐོ་དང་སྤྱོད་གོ་ཆོད་པའི་ཚོད་ལྟ་ཁང་གཙོ་བོ་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས།   ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་དུ་ཁྲིན་ཀང་མདོ་དབུས་མཐོ་སྒང་སྐྱེ་དངོས་དཔེ་གཞི་ཁང་དང་མདོ་དབུས་མཐོ་སྒང་རྒྱལ་ཁབ་སོན་རྫས་ཐོན་ཁུངས་མཛོད།   ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་གི་ལོ་རྒྱུས་ཁང་བཅས་སུ་སོང་ནས་སྲོག་ཆགས་དང་རྩི་ཤིང་གི་མ་དཔེ་བསྡུ་རུབ་དང་སོན་རྫས་མཛོད་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་བྱས།   ཁོས་བསྟན་དོན།   མདོ་དབུས་མཐོ་སྒང་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་ཡིན་པ་དང་།   གནས་དེའི་སྐྱེ་དངོས་སྣ་མང་བཞིན་ལ་སྲུང་སྐྱོབ་བྱེད་རྒྱུ་ཧ་ཅང་གལ་ཆེ་བས།   རང་བྱུང་ཁམས་ལ་བརྩི་མཐོང་བྱེད་པའི་བརྩེ་བ་ཟབ་མོ་དང་བུ་རབས་ཚ་རྒྱུད་ལ་འགན་ཁུར་བའི་རྣམ་འགྱུར་གྱིས་ཚན་རིག་ཞིབ་འཇུག་བྱ་བར་སྐུལ་འདེད་གཏོང་བ་དང་ཚན་རིག་ཁྱབ་གདལ་དང་དྲིལ་སྒྲོག་ལ་ཤུགས་སྣོན་པ།   ཚན་རིག་དང་མཐུན་པའི་སྒོ་ནས་ཚེ་ཐར་གཏོང་བ་དང་འཚོ་སྐྱོང་བྱེད་རྒྱུར་སྐུལ་སྤེལ་བྱེད་པ་སོགས་བྱས་ཏེ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་ཐད་བྱས་རྗེས་ཆེན་པོ་འཇོག་དགོས།

ཁྲིན་ཀང་གིས་མཚོ་སྔོན་ཚྭ་མཚོ་ཞིབ་འཇུག་ཁང་དང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་གི་དཀའ་སྤྱད་ལས་སྒྲུབ་ཀྱི་འཕེལ་རྒྱས་ལོ་རྒྱུས་དང་ཁྱད་དུ་འཕགས་པའི་རྨད་བྱུང་བྱས་རྗེས།  ཕུལ་དུ་བྱུང་བའི་ཚན་ཞིབ་གྲུབ་འབྲས་བཅས་ལ་གོང་བཀུར་དང་ཁས་ལེན་གང་ལེགས་བྱས།   ཁོས་ན་གཞོན་ཚན་ཞིབ་མི་སྣས་མཚོ་སྔོན་ལ་རྐང་འཛུགས་པ་དང་མཚོ་སྔོན་ལ་བྱས་རྗེས་འཇོག་པ། དཀའ་ངལ་ལ་མི་སྐྲག་པའི་སྙིང་རུས་ཆེན་པོས་མཁྲེགས་གཏོར་དཀའ་སེལ་དང་གསར་གཏོད་མཐའ་འཁྱོངས་བྱེད་པ་དང་བློ་རྩེ་གཅིག་སྒྲིམ་གྱིས་ཞིབ་འཇུག་བྱེད་པ།   འབད་འཐབ་ཁྲོད་དུ་མི་སྒེར་གྱི་རིན་ཐང་དང་སྤྱི་ཚོགས་ཀྱི་རིན་ཐང་གཅིག་གྱུར་ཡོང་བ་མངོན་འགྱུར་བྱས་ཏེ་རྒྱལ་ཁབ་ཀྱི་ཚན་རྩལ་ལས་དོན་ཐད་ན་གཞོན་གྱི་སྟོབས་ཤུགས་འབུལ་དགོས་པའི་སྐུལ་མ་བཏང་།   ཁྲིན་ཀང་གིས་ད་རུང་ཞིབ་འཇུག་ཁང་གཉིས་ཀྱིས་ཚན་རིག་པའི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་གཏོང་བ་དང་།  རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་མཚོ་སྔོན་འཕེལ་རྒྱས་ཀྱི་གནས་ཚུལ་དངོས་ལ་དམིགས་ཏེ་འཇོན་མིའི་དགེ་མཚན་དང་ལག་རྩལ་གྱི་དགེ་མཚན་བཀོལ་སྤྱོད་བྱེད་པ།   རྨང་གཞིའི་ཞིབ་འཇུག་དང་བཀོལ་སྤྱོད་ཞིབ་འཇུག་མཉམ་དུ་སྤེལ་བ།   སྲོག་ཤིང་ལག་རྩལ་གྱི་མཁྲེགས་གཏོར་ཤུགས་ཚད་ཆེ་རུ་གཏོང་བ།   ལས་གཞི་གཙོ་བོའི་སྣེ་ཁྲིད་བྱེད་ནུས་འདོན་སྤེལ་བྱེད་པ།   ཚན་རྩལ་གསར་གཏོད་གྲུབ་འབྲས་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མཚོ་སྔོན་གྱི་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཚན་རིག་ལག་རྩལ་གྱི་འདེགས་སྐྱོར་ཆེན་པོ་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན།   ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྔར་སྲོལ་བཞིན་ཞིབ་འཇུག་ཁང་གཉིས་མཚོ་སྔོན་དུ་འཕེལ་རྒྱས་འགྲོ་བ་དང་ཚན་ཞིབ་མི་སྣའི་དཀའ་གནད་སེལ་བ།  གསར་གཏོད་གསར་སྐྲུན་བཅས་ཀྱི་ཐད་ཁོར་ཡུག་བཟང་བོ་འདོན་སྤྲོད་བྱས་ཏེ་ཞིང་ཆེན་དང་ཞིབ་འཇུག་ཁང་གི་མཉམ་ལས་ཀྱི་ལེའུ་གསར་བ་འབད་པས་འབྲི་རྒྱུ་ཡིན་བསྟན།

ཞིང་ཆེན་གྱི་འགོ་ཁྲིད་ཝང་ལིན་ཧུའུ་དང་ཀྲུའུ་ཞང་ཧྥིན་གཉིས་གོང་གི་རྟོག་ཞིབ་ཁྲོད་ཞུགས།

                                                                                                       ལྷ་མོ་ཚེ་རིང་གིས་བསྒྱུར།