མཚོ་སྔོན་ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་གི་རྒྱ་སྐྱེད་གྲོས་ཚོགས་དང་ཟླ་ཟུང་བཀོད་གཏོང་གྲོས་ཚོགས་ཐེངས་གཉིས་པ་ཟི་ལིང་དུ་བསྡུས།
2023.08.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་གི་རྒྱ་སྐྱེད་གྲོས་ཚོགས་དང་ཟླ་ཟུང་བཀོད་གཏོང་གྲོས་ཚོགས་ཐེངས་གཉིས་པ་ཟི་ལིང་དུ་བསྡུས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། དུས་ཚིགས་དང་པོ་དང་དུས་ཚིགས་གཉིས་པའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་དཔྱད་འཇོག་གནས་ཚུལ་ཁྱབ་བསྒྲགས་བྱས་ལ། འབུར་ཐོན་གནད་དོན་ལ་བཀོད་གཏོང་དང་ཐག་གཅོད་བྱས་པ་དང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ནས། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་བྱ་བ་སྣ་ཚོགས་སྤུས་འདེགས་ནུས་སྤེལ་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཁྲིན་ཀང་གིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད།

ཁྲིན་ཀང་གིས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་དུས་རིམ་སྔོན་མོའི་བྱ་བར་ཁས་ལེན་གང་ལེགས་བྱས། ཁོས་ནན་གྱིས་བསྟན་དོན། ལས་བྱེད་པས་བྱ་བ་བསྒྲུབས་པ་དང་། བསམ་ཕྱོགས་གསལ་བོ་ཡོང་བར་གཙིགས་འཛིན་བྱས་ཏེ། བསམ་བློའི་ངོས་ཟིན་སྔར་ལས་ཇེ་མཐོར་གཏོང་དགོས། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་རྒྱུ་དེ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་བྱེད་པའི་ལག་ལེན་གལ་ཆེན་དུ་བརྩིས་ནས། ལས་བྱེད་པས་བྱ་བ་སྒྲུབ་པའི་ཁྲོད་ནས་སྦྱོང་བརྡར་བྱེད་པ་དང་། ཐབས་གང་ཡོད་ཀྱིས་ལག་བསྟར་ལ་སྐུལ་འདེད་གཏོང་བ་དང་དཀའ་གནད་ཐག་བཅད་དེ། གཞན་སྐུལ་ལས་སྒྲུབ་བྱེད་པ་ནས་རང་འགུལ་གྱིས་སྒྲུབ་པའི་འགྱུར་ལྡོག་མངོན་འགྱུར་བྱེད་དགོས། སྤྱོད་ཚུལ་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་བཅོས་སྐྱོང་བྱེད་པར་ཤུགས་སྣོན་པ་དང་། ཞིབ་གཅོད་ཁྱབ་བསྒྲགས་བྱེད་ཤུགས་ཆེར་གཏོང་བ། འཇིགས་ཟིལ་གྱི་སྣང་ཚུལ་རྒྱུན་མཐུད་ངང་གྲུབ་པར་བྱེད་པ། སྤྱོད་ཚུལ་བསྒྱུར་བར་བརྟེན་ནས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱ་བ་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་དགོས། གཙོ་གནད་དང་དཀའ་གནད་གཙིགས་སུ་འཛིན་པ་དང་། བདེ་འཇགས་ཀྱི་དྲ་རྒྱ་སྔར་ལས་ཇེ་བརྟན་དུ་གཏོང་དགོས། ཁྲིམས་འགལ་ཉེས་བྱས་ལ་རྡུང་རྡེག་ཤུགས་ཆེན་བྱེད་པ་དང་། ཉིན་རྒྱུན་དུ་རྨང་གཞི་འདིང་བར་རྐང་བཙུགས་ནས། ནག་འཇོམས་ངན་སེལ་ཐད་ཀྱི་ཕྱིར་ལྟའི་བྱ་བ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས། སྟོབས་ཤུགས་གཅིག་བསྡུས་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་བྱས་ཏེ། རིམ་པ་སོ་སོའི་འགལ་རྩོད་སྣ་མང་བར་འདུམ་བྱེད་པའི་བརྒྱུད་རིམ་ཧྲིལ་བོའི་ལས་སྒོའི་སྦྲེལ་མཐུད་དང་མཉམ་འབྲེལ་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། སྤྱི་ཐུན་བདེ་འཇགས་ཀྱི་ཉེན་ཁ་བཀག་འགོག་ཐག་གཅོད་བྱེད་པ་དང་། དུས་ནམ་ཡང་བདེ་འཇགས་ཐོན་སྐྱེད་དམ་འཛིན་བྱས་ནས། དུས་ཐོག་ཏུ་ཉེན་ཁ་མེད་པར་བྱེད་དགོས། བདེ་འཇགས་བརྟན་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་པ་དང་། ཧུར་ཐག་གིས་ལོ་རྒྱུས་ཀྱི་ཤུལ་བཞག་གནད་དོན་ཐག་གཅོད་པ། དགོན་སྡེ་རུ་སྡོད་པའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། བྱ་བ་ཁོང་དུ་ཆུད་པར་བྱེད་དགོས། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་། དྲ་རྒྱའི་གླེང་ཕྱོགས་ལ་ཁ་གཏད་འཇལ་བའི་ནུས་པ་མཐོར་འདེགས་གཏོང་བ། དྲ་རྒྱའི་དོ་དམ་པའི་དཔུང་སྡེའི་ནུས་པ་འདོན་སྤེལ་བྱས་ཏེ། བྱ་བའི་ཐད་ཀྱི་མི་འདང་ས་ཁ་གསབ་བྱེད་དགོས། འགན་འཁྲི་ལག་བསྟར་བྱེད་པ་གཙིགས་སུ་བཟུང་ནས། བྱ་བའི་གྲུབ་འབྲས་འབུར་དུ་ཐོན་པར་བྱེད་དགོས། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས་ཇེ་དྲག་ཏུ་གཏོང་བ་དང་། ཧྲུའུ་ཅིས་དམ་འཛིན་བྱེད་པ་དང་ཧྲུའུ་ཅི་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱེད་པ། འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ཏེ། འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས། ད་ལྟ་སྤེལ་བཞིན་པའི་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་གི་རྨང་གཞིའི་སྟེང་། གཞི་རིམ་གྱིས་ཡར་ཞུ་བྱས་པའི་གནད་དོན་ཐག་གཅོད་དགོས། མི་བཀོལ་ཁྲིད་ཕྱོགས་ཡང་དག་འཛུགས་པ་དང་། ཁུལ་གསུམ་དབྱེ་བགར་བྱེད་པ་དོན་འཁྱོལ་བྱེད་པ། ཁག་ཁུར་འགན་ལེན་བྱེད་ཕོད་པའི་ལས་བྱེད་པའི་དཔེ་མཚོན་སྐོར་ཞིག་སྐྱེད་སྲིང་བྱས་ནས། ལས་བྱེད་པའི་ལས་གཉེར་ལས་སྐྲུན་གྱི་ཡིད་ཆེས་ཆེར་བསྐྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་སྐོར་གྱི་གཅིག་ཅན་བཅུ་ཡི་བྱ་བའི་རེ་བ་ལྟར། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་བྱ་བ་སྣ་ཚོགས་དམ་འཛིན་བྱེད་པ་དང་། ཡུན་རིང་གི་བྱས་རྗེས་འཇོག་པ་དང་རྒྱུན་མཐུད་ངང་ཤུགས་བཏོན་ནས། སྤྱིའི་ཆུ་ཚད་མཐོར་འདེགས་གཏོང་དགོས། ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཞན་ཆ་ཁ་གསབ་བྱེད་པ་དང་། ཆབ་སྲིད་བདེ་འཇགས་སྲུང་སྐྱོབ་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩི་བ། ཆབ་སྲིད་ཀྱི་འདུ་ཤེས་དང་བདེ་འཇགས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། སྔ་མོ་ནས་གནས་ཚུལ་ལ་རྒྱུས་ལོན་བྱེད་པ་དང་སྔ་མོ་ནས་ཞིབ་འཇུག་བརྡར་གཅོད་བྱེད་པ། སྔ་མོ་ནས་ཁ་གཏད་འཇལ་དགོས། སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་ཀྱི་ཞན་ཆ་ཁ་གསབ་བྱེད་པ་དང་། ཁྲིམས་འགལ་ཉེས་བྱས་བྱ་སྤྱོད་ལ་རྡུང་རྡེག་ཆེན་པོ་བྱེད་པ། མཐོ་གནོན་གྱི་རྣམ་པ་རྒྱུན་འཁྱོངས་བྱེད་པ། གཞི་རིམ་བཅོས་སྐྱོང་གི་རྨང་གཞི་ཇེ་བརྟན་དུ་གཏོང་བ། འཕྲིན་བཅར་ཐད་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་པའི་ཆེད་དོན་འགུལ་སྐྱོད་སྤེལ་ནས། མཉམ་དུ་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་དགོས། སྤྱི་ཚོགས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་ཀྱི་ཞན་ཆ་ཁ་གསབ་བྱེད་པ་དང་། འགོག་སྡོམ་དང་སློབ་གསོ་གཏོང་ཆོག་པར་དམིགས་ནས། གནས་ས་གཙོ་བོ་དང་ཡུལ་གནས་གཙོ་བོ། ཁྱབ་ཁོངས་གཙོ་བོ་འབུར་དུ་ཐོན་པར་བྱེད་པ། ཉམས་ཞན་ཁུལ་ཁོངས་ཀྱི་གཞི་རིམ་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སྔར་ལས་ཆ་ཚང་བ་དང་སྔར་ལས་ཕན་འབྲས་ལྡན་པའི་སྤྱི་ཚོགས་བདེ་སྐྱོང་འགོག་སྡོམ་མ་ལག་འཛུགས་དགོས། སྤྱི་ཐུན་བདེ་འཇགས་ཐད་ཀྱི་ཞན་ཆ་ཁ་གསབ་བྱེད་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དང་སོལ་གཏེར། རྡོ་སོལ་མིན་པའི་གཏེར་རི། ཉེན་ཆེའི་རྫས་འགྱུར་དངོས་རྫས། འཛུགས་སྐྲུན་བཟོ་སྐྲུན། མེ་འགོག་མེ་གསོད། སོལ་རླངས། དམིགས་བསལ་སྒྲིག་ཆས། རིག་གནས་ཡུལ་སྐོར་སོགས་ཀྱི་གཙོ་གནད་ལས་རིགས་དང་ཁྱབ་ཁོངས་གཙོ་བོའི་ཉེན་ཁར་གྲལ་བཤེར་བཅོས་སྐྱོང་བྱེད་པ། སློབ་རའི་བདེ་འཇགས་འགོག་མཚམས་བརྟན་པོ་བཙུགས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས།

ཚོགས་ཐོག་ཏུ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱང་ཧྥ་སིན་གྱིས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་དུས་ཚིགས་དཔྱད་འཇོག་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཝེ་ཏུང་གིས་བརྗེ་རེས་གཏམ་བཤད་བྱས་པ་དང་། ཡུས་ཧྲུའུ་ཁུལ་གྱི་འགན་ཁུར་བློ་མཐུན་གཙོ་བོས་གནས་ཚུལ་གསལ་བཤད་བྱས། ཞིབ་དཔྱད་དམིགས་ཚད་ཀྱི་འགོ་ཁྲིད་ལས་ཁུངས་དང་གྲོང་ཁྱེར་དང་ཁུལ་སོ་སོས་ཡིག་ཐོག་ནས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱ་བ་སྤེལ་བའི་གནས་ཚུལ་ཡར་ཞུ་བྱས།

ཞིང་ཆེན་གྱི་འགོ་ཁྲིད་ཝང་དབྱང་དང་ཀྲའོ་ཡུའེ་ཞ། ཝང་ལིན་ཧུའུ། ཝུའུ་ལ་ཙི་པེ་ཁི.རེ་སུའུ་ལིས་ཧྭན། པད་ཁོ། ཀྲུའུ་ཞང་ཧྥིན། ལོའུ་ཀང་། ལིས་ཧུང་ཡ། ཀྲང་ཙི་ཅུན། ཀྲ་ཆིན་ཅིག་བཅས་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་སྡེ་ཁག་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོ་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་ཧྲུའུ་ཅི། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་གྲོས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།