ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།
2023.08.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུང་ཐིན་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གྲོས་འཆམ་བྱུང་བའི་མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་འགོག་བཅོས་སྲོལ་ཡིག་གི་ནང་དོན་དང་། རྒྱབ་ལྗོངས། འབྲེལ་ཡོད་གནས་ཚུལ་བཅས་མཚམས་སྦྱོར་བྱས།

སྒྲོག་སྤེལ་ཚོགས་འདུའི་སྟེང་། ཞིང་ཆེན་དམངས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་སྲོལ་ཡིག་གི་ཁྲིམས་འཛུགས་བརྒྱུད་རིམ་དང་། དམིགས་འབེན་དོན་སྙིང་། གོ་རིམ་རྗེས་མའི་ལག་བསྟར་གནས་ཚུལ་དང་བྱ་བའི་འཆར་གཞི་སོགས་ལ་གཞིགས་ནས་གསར་འགྱུར་སྒྲོག་སྤེལ་བྱས།

མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་འགོག་བཅོས་སྲོལ་ཡིག་ལ་བསྡོམས་པས་དོན་ཚན་ཉེར་ལྔ་ཡོད་པ་དང་། རྒྱལ་ནང་གི་ཐུམ་འབུའི་ནད་འགོག་བཅོས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་རེད། རང་ཞིང་གི་སྲིད་འཛིན་ཁྱབ་ཁོངས་ཁྲོད་ཀྱི་ཐུམ་འབུའི་ནད་སྔོན་འགོག་དང་། ཚོད་འཛིན། སྐྱོབ་བཅོས། ལྟ་སྐུལ་དོ་དམ་བཅས་ཀྱི་ཐད་གཏན་འབེབས་ཁ་གསལ་བཟོས་ཡོད།

སྲོལ་ཡིག་ལས་གསལ་བོར་བསྟན་དོན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཐུམ་འབུའི་ནད་འགོག་བཅོས་བྱ་བའི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། ཡུལ་ཚོ་དང་གྲོང་རྡལ་མི་དམངས་སྲིད་གཞུང་དང་། སྲང་ལམ་ལས་སྒྲུབ་ཁང་གིས་མང་ཚོགས་རྩ་འཛུགས་བྱས་ཏེ་ཁོངས་གཏོགས་ས་ཁུལ་གྱི་ཐུམ་འབུའི་ནད་འགོག་བཅོས་བྱ་བ་ལེགས་པོར་སྒྲུབ་དགོས། སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་ས་གནས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་ལ་མཐུན་སྦྱོར་གང་ལེགས་བྱས་ཏེ་འགོག་བཅོས་བྱ་བ་ཡག་པོར་སྒྲུབ་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཡུལ་ཚོ་དང་། གྲོང་རྡལ། གྲོང་གསེབ། གཞིས་ཁུལ་བཅས་སུ་ཁྱི་སྐྱག་དང་ཕྱུགས་ཟོག་གི་ནད་གཞི་ཅན་གྱི་ནང་ཁྲོལ་གནོད་མེད་ངང་ཐག་གཅོད་བྱེད་པའི་སྒྲིག་ཆས་འཛུགས་སྐྲུན་བྱེད་དགོས།

སྲོལ་ཡིག་ལས་གཏན་འབེབས་བྱས་དོན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་འཕྲོད་བསྟེན་བདེ་ཐང་གཙོ་སྐྱོང་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཐུམ་འབུའི་ནད་འགོག་བཅོས་དྲིལ་སྒྲོག་སློབ་གསོའི་ལས་དོན་ལ་ཤུགས་སྣོན་དགོས། ཐུམ་འབུའི་ནད་དར་ཁྱབ་ཆེ་བའི་ས་ཁུལ་གྱི་ཡུལ་ཚོང་དང་གྲོང་རྡལ་མི་དམངས་སྲིད་གཞུང་དང་སྲང་ལམ་ལས་སྒྲུབ་ཁང་གིས་ཁོངས་གཏོགས་ས་ཁུལ་གྱི་མང་ཚོགས་ལ་ཐུམ་འབུའི་ནད་འགོག་བཅོས་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་ཐང་སློབ་གསོ་སྤེལ་དགོས། རྒྱང་སྒྲོག་དང་བརྙན་འཕྲིན། ཚགས་པར་དང་དྲ་རྒྱ་སོགས་སྨྱན་བྱད་ཀྱིས་ཐུམ་འབུའི་ནད་འགོག་བཅོས་ཀྱི་སྤྱི་ཕན་དྲིལ་སྒྲོག་སྤེལ་དགོས།

ལོ་རེའི་ཟླ་བཞི་པ་ཐུམ་འབུའི་ནད་འགོག་བཅོས་དྲིལ་སྒྲོག་ཟླ་རུ་གཏན་ཁེལ་བྱས།

སྲོལ་ཡིག་ལས་གཏན་འབེབས་བྱས་དོན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་འཕྲོད་བསྟེན་བདེ་ཐང་དང་། དམངས་སྲིད། སྨན་བཅོས་འགན་སྲུང་སོགས་སྡེ་ཁག་གིས་རོགས་སྐྱོབ་ཆ་རྐྱེན་དང་མཐུན་པའི་ཐུམ་འབུའི་ནད་འགོས་མཁན་དང་དེའི་ཁྱིམ་ཚང་ལ་སྨན་བཅོས་དང་འཚོ་བར་རོགས་སྐྱོར་བྱེད་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་སྤྱི་བདེ་ལས་ཁུངས་ཀྱིས་ཁྱི་སྡོམ་དོ་དམ་བྱ་བར་ཤུགས་སྣོན་བྱས་ཏེ། ཐུམ་འབུའི་ནད་འགོས་ཁྱབ་རྒྱུ་ལམ་མེད་པར་གཏོང་དགོས། ཐུམ་འབུའི་ནད་འགོག་བཅོས་བྱ་བའི་ཁྲོད་གྲུབ་འབྲས་མངོན་གསལ་བླངས་པའི་ལས་ཁུངས་དང་མི་སྒེར་ལ། འབྲེལ་ཡོད་གཏན་འབེབས་ལྟར་གཟེངས་བསྟོད་དང་བྱ་དགའ་སྟེར་དགོས། སྲོལ་ཡིག་གི་གཏན་འབེབས་དང་འགལ་ཚེ་ཁྲིམས་ལྟར་ཆད་པ་གཅོད་དགོས། ནག་ཉེས་བཟོ་མཁན་ལ་ཁྲིམས་ལྟར་ཉེན་དོན་འགན་འཁྲི་རྩད་གཅོད་བྱ་རྒྱུ་རེད།

སྲོལ་ཡིག་འདི་ཉིས་སྟོང་ཉེར་གསུམ་ལོའི་ཟླ་དགུ་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

རིག་འཛིན་སྒྲོལ་མས་བསྒྱུར།