མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་དང་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་མཉམ་དུ་ཤུགས་བཏོན་ནས་བུད་མེད་དང་བྱིས་པའི་ཁེ་དབང་ལ་སྲུང་སྐྱོབ་བྱས།
2023.08.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་དང་ཟི་ལིང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ནར་མ་སོན་པའི་མིའི་ཉེས་བྱས་ཞིབ་དཔྱོད་ཚན་ཁག་གི་ཞིབ་དཔྱོད་དཔོན་པོ་དང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཁེ་དབང་པུའུ་ཡི་ལས་བྱེད་མི་སྣས་མཉམ་དུ་དཔེ་དེབ་དང་ཟས་རིགས། ནར་མ་སོན་པའི་མིའི་ཞིབ་དཔྱོད་རིག་གནས་བློ་གསར་གྱི་ལེགས་སྐྱེས་དང་སྒོར་སྟོང་གསུམ་གྱི་རོགས་སྐྱོར་དངུལ་ཁྱེར་ནས། ཟི་ལིང་གྲོང་ཁྱེར་བྱིས་པའི་ཕན་བདེ་གླིང་དུ་སོང་ནས་གྱོད་གཞིའི་དབང་གིས་གཉོར་སྐྱོང་བྱེད་མཁན་མེད་པའི་ཞའོ་མེན་དང་ཁོའི་སྲིང་མོ་ཞའོ་ཧྭ་ལ་འཚམས་འདྲི་བྱས། ཞའོ་མེན་གྱིས་ཚང་མས་སེམས་ཁུར་དང་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས།

བརྗོད་དོན་སློབ་གསོ་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དང་། དམངས་ཀྱི་ཆེད་དུ་ཞིབ་དཔྱོད་བྱེད་ཆེད། ད་ལོའི་ཟླ་གསུམ་པར། ཞིང་ཆེན་ཞིབ་དཔྱོད་ཁང་དང་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་མཉམ་འབྲེལ་སྒོས་དཀའ་ཁག་ཡོད་པའི་བྱིས་པ་དང་བུད་མེད་ལ་དོ་སྣང་བྱས་པ་དང་། ཆེད་དོན་ཁྲིམས་འཛིན་རོགས་སྐྱོར་ལ་ཤུགས་སྣོན་པའི་ཆེད་དོན་འགུལ་སྐྱོད་སྤེལ་ལ། ཞིབ་དཔྱོད་ལས་ཁུངས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་འགན་ནུས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་པ་དང་། གྱོད་གཞིའི་དབང་གིས་དཀའ་ཁག་ལ་འཕྲད་པའི་བུད་མེད་དང་བྱིས་པར་རོགས་སྐྱོར་བྱེད་ཤུགས་ཆེར་བཏང་སྟེ། བུད་མེད་དང་བྱིས་པའི་ཁེ་དབང་ལ་སྲུང་སྐྱོབ་སྔར་ལས་བཟང་བོ་བྱས།

ཆེད་དོན་འགུལ་སྐྱོད་བཟང་བོར་སྤེལ་ཆེད། ཞིང་ཆེན་ཞིབ་དཔྱོད་ཁང་དང་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་དུ་བཀོད་སྒྲིག་བྱས་ནས། གྱོད་གཞིའི་དབང་གིས་དཀའ་ཁག་ལ་འཕྲད་པའི་ནར་མ་སོན་པའི་མི་ཆེད་དོན་ཁྲིམས་འཛིན་རོགས་སྐྱོར་ཁྱབ་ཁོངས་ནང་བཞག་པ་དང་། ཞིང་ཆེན་རིམ་པའི་མཉམ་འབྲེལ་གྲོས་ཚོགས་བསྡུས་ནས། ཆེད་དོན་བྱ་འགུལ་གྱི་ཕན་འབྲས་ལེན་པར་སྐུལ་འདེད་གཏོང་བའི་དམིགས་འབེན་ལས་འགན་དང་བྱེད་ཐབས་གཏན་ཁེལ་གསལ་བོ་བྱས་ལ། ཆེད་དོན་འགུལ་སྐྱོད་གཏིང་ཟབ་པར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་། གྲོང་ཁྱེར་དང་ཁུལ་སོ་སོའི་ཞིང་དཔྱོད་ལས་ཁུངས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ཆེད་དོན་འགུལ་སྐྱོད་ཀྱི་ལག་བསྟར་ཇུས་གཞི་གཏན་འབེབས་བྱས་པ་དང་། ཆེད་དོན་འགུལ་སྐྱོད་ཀྱི་ནང་དོན་ཇེ་ཞིབ་ཏུ་བཏང་ལ། ་རོགས་སྐྱོར་ཆ་འཕྲིན་ལ་གྲོས་མོལ་དང་མཉམ་སྤྱོད་བྱེད་པ་དང་། ཁུངས་སྣེ་བརྒྱུད་སྐྱེལ་དང་སྣ་མང་རོགས་སྐྱོར་ལག་བསྟར་བྱེད་པའི་རྐྱེན་སྲོལ་བཙུགས་ནས། དཀའ་ཁག་ཡོད་པའི་བུད་མེད་བྱིས་པའི་ཁྲིམས་འཛིན་རོགས་སྐྱོར་གྱི་ལྗང་མདོག་བགྲོད་ལམ་བཏོད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཞིབ་དཔྱོད་ལས་ཁུངས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་གྲོང་གསེབ་དར་སྤེལ། སློབ་གསོ་པུའུ་སོགས་སྡེ་ཁག་གདན་ཞུ་བྱས་ནས་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཆེད་དོན་དམིགས་འབེན་ལས་འགན་དང་འགུལ་སྐྱོད་ནང་དོན། བྱ་བའི་བྱེད་ཐབས་གཏན་ཁེལ་གསལ་བོ་བྱས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཞིབ་དཔྱོད་ལས་ཁུངས་ཀྱིས་དཀའ་ཁག་ཡོད་པའི་བྱིས་པ་དང་དཀའ་ཁག་ཡོད་པའི་བུད་མེད་ལ་དོ་སྣང་བྱེད་པ་དང་། ཆེད་དོན་ཁྲིམས་འཛིན་རོགས་སྐྱོར་ལ་ཤུགས་སྣོན་པའི་མ་ལག་དྲིལ་སྒྲོག་བྱ་འགུལ་སྤེལ་ནས། སྟོབས་ཤུགས་ཡོད་རྒུས་ཆེད་དོན་ཁྲིམས་འཛིན་རོགས་སྐྱོར་འགུལ་སྐྱོད་སྤེལ་བའི་སྤྱི་ཚོགས་ཀྱི་ཤེས་རྟོགས་ནུས་པ་དང་ཤན་ཤུགས་ནུས་པ་མཐོར་འདེགས་བཏང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིབ་དཔྱོད་ལས་ཁུངས་ཀྱིས་འཕྲེད་ཡོལ་འགེལ་བ་དང་དྲིལ་སྒྲོག་ཡིག་ཆ་བཀྲམ་པ། ཁྲིམས་འཛིན་རོགས་སྐྱོར་ལམ་ལུགས་དང་སྲིད་ཇུས་སྒྲོག་འགྲེལ་བྱེད་པ། ཁྲིམས་འཛིན་རོགས་སྐྱོར་དངོས་ཟོག་སྟེར་བའི་མཛད་སྒོ་བསྡུ་བ་སོགས་ཀྱི་རྣམ་པ་མང་པོ་སྤྱད་དེ་དྲིལ་སྒྲོག་སྣེ་ཁྲིད་བྱས་པ་དང་། ཆེད་དོན་བྱ་བ་ལག་བསྟར་བྱེད་པར་སྐུལ་འདེད་བཏང་།

དུས་མཉམ་དུ། དཀའ་ཁག་ཡོད་པའི་བྱིས་པ་དང་བུད་མེད་ལ་དོ་སྣང་བྱེད་པ་དང་། ཆེད་དོན་ཁྲིམས་འཛིན་རོགས་སྐྱོར་ལ་ཤུགས་སྣོན་པའི་བརྩེ་ལྡན་བྱ་འགུལ་རིམ་པ་བཞིན་ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་ནས་སྤེལ་ནས། བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོབ་བྱེད་པར་མཉམ་དུ་རོགས་འདེགས་བྱས།

འགུལ་སྐྱོད་སྤེལ་མཁན་གྱི་སྡེ་ཁག་གྲས་ཀྱི་གཅིག་ཡིན་པའི་ཆ་ནས། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་འགུལ་ནུས་འགན་བསྟར་བྱས་པ་དང་། ཞིབ་དཔྱོད་ཀྱི་འགན་ནུས་རྒྱུན་བསྲིང་ནས། 2023ལོའི་ནར་མ་སོན་པའི་མི་ལ་འབྲེལ་བ་ཡོད་པའི་གྱོད་གཞི་ཉིས་བརྒྱ་དང་ཞེ་དགུ་ལ་རིམ་པ་བཞིན་གྲལ་བཤེར་བྱེད་པའི་བྱ་བ་སྤེལ་བ་དང་། ཉེས་དོན་གྱོད་གཞི་བསྒྲུབ་པ་གཙོར་བྱས་ལ། དམངས་དོན་དང་སྲིད་འཛིན། སྤྱི་ཕན་གཏུག་བཤེར་གྱོད་གཞི་ཕལ་བར་བཟུང་སྟེ། བུད་མེད་དང་བྱིས་པར་གནོད་ཐེབས་པའི་གནས་ཚུལ་དང་འཚོ་བ་དཀའ་ཁག་ལ་ཐུག་པའི་གནས་ཚུལ་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་པ་དང་། ཁྲིམས་འཛིན་རོགས་སྐྱོར་གྱི་ཆ་རྐྱེན་དང་མཐུན་པའི་ནར་མ་སོན་མི་དང་འབྲེལ་བའི་གྱོད་གཞིའི་ཁྲོད་ཀྱི་དཀའ་ཁག་ལ་འཕྲད་པའི་ནར་མ་སོན་པའི་མི་དང་བུད་མེད་ལ་ཁ་གཏད་དེ། མྱུར་དུ་རོགས་སྐྱོར་བྱ་བ་སྤེལ་བ་དང་། ནར་མ་སོན་པའི་མིའི་ཉེས་དོན་ཞིབ་དཔྱོད་ཚན་ཁག་གི་ཞིབ་དཔྱོད་པ་དང་ཉེན་རྟོག་པས་གཙོར་བཟུང་ནས་བསྒྲུབས་ཏེ། ནར་མ་སོན་མིའི་ལྟ་སྐྱོང་པས་ཡིག་ཐོག་རོགས་སྐྱོར་གྱི་སྙན་ཞུ་ཕུལ་བ་དང་འཚོ་བར་དཀའ་ཁག་ཡོད་པའི་གནས་ཚུལ་གྱི་བདེན་དཔང་ཡིག་ཆ་སོགས་སྤྲོད་པར་རོགས་འདེགས་བྱས་པར་མ་ཟད། རོགས་སྐྱོར་བྱེད་མིན་དང་བྱེ་བྲག་གི་རོགས་སྐྱོར་མ་དངུལ་གྱི་ཞིབ་དཔྱད་བསམ་འཆར་བཏོན། དེ་དང་མཉམ་དུ། ཞིབ་དཔྱོད་བྱ་བའི་ཐད་ཀྱི་ཐེངས་གཅིག་ལ་རོགས་སྐྱོར་བྱེད་པ་དང་། དུས་ཡུན་རིང་བོར་སེམས་ཁུར་བྱེད་པའི་ཁྲིམས་འཛིན་རོགས་སྐྱོར་འདུ་ཤེས་རྒྱུན་བསྲིང་བྱེད་ཆེད། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རོགས་སྐྱོར་བྱེད་ཡུལ་ལ་རྗེས་འདེད་འཚམས་འདྲི་བྱས་ཏེ། རོགས་སྐྱོར་དངུལ་བཀོལ་སྤྱོད་ཡང་དག་བྱེད་པར་ཁག་ཐེག་བྱས།

རིན་ཆེན་མཚོས་བསྒྱུར།