རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པ་བསྡུས།
2023.08.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བརྒྱད་པའི་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་བཅུ་གཅིག་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་འཚོགས་པ་དང་། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚོགས་འདུར་མགོ་འཛིན་མཛད།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཞིན་ཁྲུན་ཡུན་གྱིས་ཕུལ་བའི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་གྱི་བསམ་འཆར་སྙན་ཞུ་དང་། ཕྱིའི་རྒྱལ་ཁབ་ཀྱི་ཁྲིམས་སྒོ་རང་བཙན་བཅའ་ཁྲིམས་འཆར་ཟིན་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་སྙན་ཞུ། དམངས་དོན་གཏུག་བཤེར་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་གཏན་འབེབས་འཆར་ཟིན་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་སྙན་ཞུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀོང་ཏུང་དང་ཞང་ཀང་། ཨོ་མིན་མཚོ་ཁུགས་ཆེན་མོའི་ཁུལ་དང་ནང་ལོགས་ཀྱི་གྲོང་ཁྱེར་དགུའི་ཞང་ཀང་གི་བཅའ་ཁྲིམས་ལས་གཉེར་བྱེད་མཁན་དང་ཨོ་མིན་གྱི་ལས་གཉེར་ཁྲིམས་རྩོད་པར་ནང་ལོགས་ཀྱི་ལས་གཉེར་ཐོབ་ཐང་སྤྲོད་པ་དང་ཁྲིམས་རྩོད་པའི་ལས་རིགས་ཚོད་ལྟ་བྱེད་པའི་བྱ་བའི་དུས་ཡུན་ཇེ་རིང་དུ་བཏང་བའི་སྐོར་གྱི་ཆོད་དོན་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་སྙན་ཞུ་བཅས་ལ་རིམ་པར་ཉན་པ་ལས་གཞན། ད་དུང་འབྲེལ་ཡོད་འཆར་ཟིན་གྱི་བཟོ་བཅོས་མ་ཡིག་ལ་གྲོས་ཞིབ་བྱས།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལའུ་ཆིན་ཅན་གྱིས་ཕུལ་བའི། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨེ་ཁྭ་ཏོར་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིད་སྐྱེལ་ཆིངས་ཡིག》ལ་གྲོས་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་། ཆིངས་ཡིག་ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་འཆར་ཟིན་གྱི་ཚབ་བྲིས་མ་ཡིག་ལ་གྲོས་ཞིབ་བྱས།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ལིའུ་ཆི་ཡིས་ཕུལ་བའི་ འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་དང་བསྐོ་འཐེན་གྱི་གྲོས་གཞིར་གྲོས་ཞིབ་བྱས་པའི་གནས་ཚུལ་སྙན་ཞུ་སོགས་ལ་ཉན།

ཨུ་ཡོན་ཀྲང་གི་གྲོས་ཚོགས་ཀྱིས་གོང་གསལ་གྱི་འཆར་ཟིན་བཟོ་བཅོས་མ་ཡིག་སོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གྲོས་ཐག་བཅད།

བན་དེ་སྐྱབས་ཀྱིས་བསྒྱུར།