ལིས་ཆང་གིས་འཛམ་གླིང་ཡོངས་ཀྱི་འགོག་ཁབ་རིམས་འགོག་མནའ་འབྲེལ་རྐང་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིར་མཇལ་འཕྲད་གནང་།
2023.08.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བརྒྱད་པའི་ཚེས་ཉེར་དགུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་དུ། འཛམ་གླིང་ཡོངས་ཀྱི་འགོག་ཁབ་རིམས་འགོག་མནའ་འབྲེལ་རྐང་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་པཱ་ལོ་ཙོ་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་འཛམ་གླིང་ཧྲིལ་བོར་ཁྱབ་པའི་པྲོག་གསར་རིམས་ནད་ཀྱི་དོན་རྐྱེན་འདིའི་སྟེང་ནས་འཛམ་གླིང་གི་འཕྲོད་བསྟེན་བཅོས་སྐྱོང་ལ་ཤུགས་སྣོན་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པ་ཡང་བསྐྱར་ར་སྤྲོད་བྱས། ང་ཚོས་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གཅིག་མཐུན་ཚོགས་པའི་འདུ་ཤེས་བཅངས་ནས། མིའི་རིགས་ཀྱི་བདེ་ཐང་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས། དྲང་གཞག་དང་ཀུན་ཕན་རྒྱུན་འཁྱོངས་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་དེ་མཚུངས་ཀྱི་རིམས་འགོག་སྨན་ཁབ་ཐོབ་ངེས་ཀྱི་གོ་སྐབས་སྤྲོད་དགོས། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱས་ནས། འཛམ་གླིང་ཡོངས་ཀྱི་འཕྲོད་བསྟེན་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ལུགས་མཐུན་དྲང་གཞག་དང་ཆེད་ལས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། རིམས་ནད་འགོག་སྡོམ་དང་ཁུངས་འདེད་གནད་དོན་ཆབ་སྲིད་ཅན་དང་མིང་ངན་ཅན་དུ་འགྱུར་བར་ངོ་རྒོལ་བྱེད་དགོས་ཞེས་གསུངས། ལིས་ཆང་གིས་མནའ་འབྲེལ་གྱིས་འཛམ་གླིང་གི་འཕྲོད་བསྟེན་བཅོས་སྐྱོང་ལ་ཤུགས་སྣོན་པའི་ཐད་བཏོན་པའི་ནུས་པ་གལ་ཆེན་དང་ཕྱོགས་གཉིས་ཀའི་མཉམ་ལས་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་ནས། ཀྲུང་གོ་ཕྱོགས་ཀྱིས་སྔར་སྲོལ་བཞིན་མནའ་འབྲེལ་གྱི་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས།

པཱ་ལོ་ཙོ་ཡིས་འཛམ་གླིང་ཡོངས་ཀྱི་འགོག་ཁབ་རིམས་འགོག་མནའ་འབྲེལ་གྱིས་ཀྲུང་གོའི་བར་གྱི་རོགས་རེས་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ཅིང་། ཀྲུང་གོ་ཕྱོགས་ཀྱིས་པྲོག་གསར་རིམས་ནད་འགོག་སྡོམ་བྱས་ནས་ལེགས་སྐྱེས་གལ་ཆེན་ཕུལ་བར་བསྟོད་བསྔགས་བྱས་པ་ཡིན་ལ། ཀྲུང་གོའི་བར་གྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། འཛམ་གླིང་གི་སྤྱི་བའི་འཕྲོད་བསྟེན་བྱ་གཞག་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།