ལིས་ཆང་གིས་ཨ་མེ་རི་ཁའི་ཚོང་དོན་པུའུ་ཡི་པུའུ་ཀྲང་ལ་མཇལ་འཕྲད་གནང་།
2023.08.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བརྒྱད་པའི་ཚེས་ཉེར་དགུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་དུ། ཨ་མེ་རི་ཁའི་ཚོང་དོན་པུའུ་ཡི་པུའུ་ཀྲང་ལེ་མིན་ཏོ་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་ན་ནིང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པད་ཏིན་གྱིས་ཧིན་རྡུ་ཉི་ཞི་ཡའི་པཱ་ལིས་གླིང་ཕྲན་དུ་མཇལ་འཕྲད་གནང་སྟེ། ཕན་ཚུན་བར་ཐུན་མོང་གི་ངོས་འཛིན་གལ་ཆེན་རབ་དང་རིམ་པ་བྱུང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཕན་ཚུན་བར་བརྩི་འཇོག་དང་ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་བྱ་རྒྱུ་ནི་ཀྲུང་གོ་དང་ཨ་མེ་རི་ཁ་མཉམ་གནས་ཀྱི་ལམ་བུ་ཡང་དག་ཅིག་ཡིན། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། དངོས་སྒྲུབ་ཀྱི་ཕན་ཡོད་བྱ་སྤྱོད་སྔར་ལས་གང་མང་བཏོན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྲུང་སྐྱོབ་དང་འཕེལ་རྒྱས་ཡག་པོ་གཏོང་རྒྱུའི་རེ་བ་ཡོད། ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཚོང་དོན་འབྲེལ་བའི་ངོ་བོ་ནི་གཉིས་ཕན་གཉིས་རྒྱལ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁའི་དཔལ་འབྱོར་ཚོང་དོན་ཁྱབ་ཁོངས་ཀྱི་གྲོས་མོལ་དང་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀའི་དཔལ་འབྱོར་ཚོང་དོན་འབྲེལ་བ་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་འགྲོ་འོང་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས།

ལེ་མིན་ཏོ་ཡིས་པད་ཏིན་སྲིད་གཞུང་གིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་ལས། ཀྲུང་གོའི་འཕེལ་རྒྱས་ལ་བཀག་འགོག་བྱེད་འདོད་ཀྱི་བསམ་པ་གཏན་ནས་བཅངས་མེད་ལ། ཀྲུང་གོ་དང་འབྲེལ་ཐག་གཅོད་རྒྱུའི་བསམ་པ་དེ་བས་ཀྱང་བཅངས་མེད་པར། དེ་ལས་ལྡོག་སྟེ་ཀྲུང་གོའི་བར་དུ་འབྲེལ་གཏུག་རྒྱུན་འཁྱོངས་བྱེད་པ་དང་རྒྱལ་ཁབ་གཉིས་ཀའི་རྒྱུན་ལྡན་གྱི་དཔལ་འབྱོར་ཚོང་དོན་འབྲེལ་བར་སྲུང་སྐྱོབ་བྱེད་པ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མིས་བཟོས་རིག་ནུས་དང་གནམ་གཤིས་འགྱུར་ལྡོག སྨན་རྫས་ཧྥིན་ཐའེ་ཉི་འགོག་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།