ཞིང་ཆེན་སྲིད་གྲོས་ཀྱིས་དྲ་ཐོག་སྲིད་གླེང་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས།
2023.08.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ8པའི་ཚེས29ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་དྲ་ཐོག་སྲིད་གླེང་གྲོས་མོལ་དང་ད་ལོའི་ཟླ་ཟུང་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པ་བསྡུས་པ་དང་། རྒྱལ་ཁབ་སྤྱི་གླིང་གི་རིག་གནས་དར་སྤེལ་ཤུགས་ཆེན་བྱས་ཏེ་མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བར་དམིགས་ནས་ཐབས་འདོན་གྲོས་མོལ་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀྲིན་ཁྲང་དང་ལིས་ཞའོ་ནན། ལིའུ་ཏ་ཡའེ་བཅས་གྲོས་མོལ་ལ་ཞུགས།

ཝང་ཀྲིན་ཁྲང་གིས་དུས་འགོའི་རྟོག་ཞིབ་དང་ཚོགས་འདུའི་གྲ་སྒྲིག་གི་འབྲེལ་ཡོད་གནས་ཚུལ་སྙན་ཞུ་བྱས་པ་དང་། ཨུ་ཡོན་དྲུག་གིས་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་ར་རུ་གཏམ་བཤད་སྤེལ། ཚོགས་འདུའི་ཐོག་ཡིག་ཐོག་དཔྱད་ཡིག་བཅུ་དྲུག་པར་འགྲེམས་བྱས་པ་དང་། ཨུ་ཡོན་ལྔ་ཡིས་བརྙན་ལམ་ནས་དྲི་བ་བཏོན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བློ་མཐུན་བཅས་ཀྱིས་ནན་ཏན་ངང་ལན་བཏབ་པ་དང་ཨུ་ཡོན་རྣམས་དང་ཕན་ཚུན་བར་བསམ་ཚུལ་བརྗེ་རེས་བྱས།

ཨུ་ཡོན་ཚོས་བལྟས་ན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། སྲིད་ཇུས་དང་བྱེད་ཐབས་ལ་ཤུགས་སྣོན་པ། རྒྱལ་ཁབ་སྤྱི་གླིང་གི་རིག་གནས་དར་སྤེལ་ཤུགས་ཆེན་བཅས་བྱས་པས་མཚོ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པར་འདོད། རིག་གནས་གླིང་བསྐྲུན་རྒྱུའི་བསམ་བློ་སྔར་ལས་བརྟན་པོ་བཙུགས་ནས་རྒྱལ་ཁབ་སྤྱི་གླིང་གི་རིག་གནས་ལས་དོན་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་པ་དང་། རྒྱལ་ཁབ་སྤྱི་གླིང་གི་རིག་གནས་འཕེལ་རྒྱས་འཆར་འགོད་ཚད་གཞི་མཐོན་པོས་བཟོས་ནས་གཞི་གཅིག་ཅན་དང་སྣེ་མང་ཅན་གྱི་རྒྱལ་ཁབ་སྤྱི་གླིང་གི་རིག་གནས་མ་ལག་བསྐྲུན་རྒྱུ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་མཚོ་སྔོན་གྱི་མི་རིགས་རིག་གནས་ཀྱི་མཚོན་རྟགས་གལ་ཆེན་གཅིག་སྡུད་ཐོག་གཏོད་པ། སྟེགས་བུ་སྣ་ཚོགས་སྤྱད་དེ་དྲིལ་བསྒྲགས་ལ་ཤུགས་བསྣན་ནས་རྒྱལ་ཁབ་སྤྱི་གླིང་གི་སྐད་གྲགས་ཆོད་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་བ། སྐྱེ་ཁམས་རྩོམ་རིག་སྒྱུ་རྩལ་གྱི་གསར་རྩོམ་དར་རྒྱས་གོང་འཕེལ་བཏང་སྟེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་འབད་འཐབ་ཀྱི་སྟོབས་ཤུགས་བསྡུ་རུབ་བྱ་དགོས་པའི་གྲོས་གཞི་བཏོན།

ལིའུ་ཐའོ་ཡིས་གཏམ་བཤད་སྐབས་གྲོས་མོལ་བྱས་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྤྱི་གླིང་གི་རིག་གནས་གོང་སྤེལ་བྱ་བའི་ཕན་འབྲས་དང་རྗེས་ཕྱོགས་ཀྱི་བྱ་བའི་བསམ་ཕྱོགས་ངོ་སྤྲོད་བྱས། ཁོས་བསྟན་དོན། རིག་གནས་སྔོག་འདོན་གཏིང་ཟབ་བྱས་ནས་རྒྱལ་ཁབ་སྤྱི་གླིང་གི་རིག་གནས་སྤུས་རྟགས་གཏོད་དགོས་པ་དང་། གསར་གཏོད་ཟམ་མི་ཆད་པར་བྱས་ནས་རྒྱལ་ཁབ་སྤྱི་གླིང་གི་རིག་གནས་ཐོན་རྫས་མངོན་འགྱུར་ཐབས་ལམ་རྒྱ་ཆེར་གཏོང་བ། ཚན་རྩལ་འདེགས་སྐྱོར་ལ་བརྟེན་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་འདུ་ཤེས་མངོན་པ། དྲིལ་བསྒྲགས་སློབ་གསོ་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་སྤྱི་གླིང་གི་རིག་གནས་ཀྱི་བག་ཆགས་འཇོག་ནུས་ཆེ་རུ་གཏོང་དགོས་ཟེར།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་རིག་གནས་འཛུགས་སྐྲུན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་རྒྱལ་ཁབ་སྤྱི་གླིང་གི་རིག་གནས་འཛུགས་སྐྲུན་གྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་འཛིན་དགོས། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་ངེས་གནས་ཐོག་མཐའ་བར་གསུམ་དུ་བརྟན་པོར་ངེས་པ་དང་ཞིང་ཆེན་ཏང་ཨུའི་ལངས་གནས་མཐོ་བ་དང་ཚད་གཞི་མཐོ་བ། འགོ་འཛུགས་ས་མཐོ་བ། སྤུས་ཚད་མཐོ་བ་བཅས་ཀྱི་བླང་བྱ་གཞིར་བཟུང་ནས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྔོག་འདོན་གཏིང་ཟབ་བྱས་ཏེ་རིག་གནས་ཀྱི་གཞི་རྟེན་གསར་བ་གསར་གཏོད་དང་འཕེལ་རྒྱས་སུ་བཏང་ནས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་དེ་ཐོག་མཐའ་བར་གསུམ་དུ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་བྱེད་དགོས། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་བརྟག་དཔྱད་ཞིབ་འཇུག་ལ་མུ་མཐུད་དུ་ཤུགས་སྣོན་པ་དང་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ཏེ་སྤུས་ཚད་མཐོ་པོའི་སྒོ་ནས་དེང་རབས་ཅན་གྱི་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་ཆེད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཟེར།