ཟླ་བརྒྱད་པའི་ཚེས་སུམ་ཅུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོའི་ཁོར་ཡུག་དང་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཏེན་ཞུའེ་ཞང་ཀྲུང་གོའི་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི2023ལོའི་ལོ་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།
ཟླ་བརྒྱད་པའི་ཚེས་སུམ་ཅུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོའི་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ལྷན་ཁང་གི་ཀྲུའུ་ཞི་ཏེན་ཞུའེ་ཞང་གིས་པེ་ཅིང་དུ་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི2023ལོའི་ལོ་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་། ཏེན་ཞུའེ་ཞང་གིས་ཀྲུང་གོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རྩ་བའི་ཇུས་ཆེན་ལ་བརྩིས་ནས། གསར་གཏོད་རང་བཞིན་གྱི་ལས་དོན་རབ་དང་རིམ་པ་སྤེལ་བ་དེས་ཆོད་སེམས་ཆེ་བ་དང་། ཤུགས་ཆེ་བ། ཕན་འབྲས་ཐོན་པ་བཅས་ཀྱི་སྔ་ན་མེད་པའི་ལས་དོན་ཞིག་འཁྱོངས་ཡོད། ང་ཚོས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་འབག་བཙོག་ལ་འཐབ་བརྡ་མཐའ་གཅིག་ཏུ་གཏོང་བ་དང་། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྣོད་བཅུད་སྲུང་སྐྱོང་དང་སླར་གསོ་ལ་ཤུགས་སྣོནཔ་བཅས་བྱས་མཐར་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ཐད་ལ་གོམ་སྟབས་གལ་ཆེན་སྤོས་ཡོད། ཀྲུང་གོའི་ཨ་སྔོན་སྔར་ལས་སྔོ་བ་དང་ས་གཞི་སྔར་ལས་ལྗང་མདོག་ལྡན་པ། ཆུ་བོ་སྔར་ལས་དྭངས་གཙང་བཅས་ཡོང་ཡོད་པས། མི་དམངས་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།
ཏེན་ཞུའེ་ཞང་གིས་དུས་རབས་གསར་བའི་སྐྱོད་ལམ་གསར་བའི་སྟེང་ཀྲུང་གོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ཁྲིད་སྟོན་དུ་བྱས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་གང་མགྱོགས་སྒོས་སྐུལ་འདེད་གཏོང་རྒྱུ་ཡིན། འབག་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། གནམ་སྔོ་ཞིང་ཆུ་དྭངས་བ། ས་གཙང་བ་བཅས་ལ་སྲུང་སྐྱོབ་བྱེད་པའི་དམག་འཐབ་ཆེན་པོ་གསུམ་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་གཏོང་སྟངས་ཀྱི་ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་ལ་སྐུལ་འདེད་གང་མགྱོགས་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྗང་མདོག་གཞི་ཐིག་བརྟན་པོ་འཛུགས་དགོས། སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་བཏང་ནས་སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་ལྷིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཤུགས་ཆེན་པོས་ཆེ་རུ་གཏོང་དགོས། འབྲེལ་ཡོད་བཅའ་ཁྲིམས་དང་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ལྗང་མདོག་ཐཱན་ཉུང་གི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛིན་པ་དང་། འཛམ་གླིང་གི་ཁོར་ཡུག་བཅོས་སྐྱོང་ནང་ཧུར་ཐག་གིས་ཞུགས་པ། གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་རྒྱ་མཚོའི་འབག་བཙོག་བཅོས་སྐྱོང་བྱེད་པ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པ་སོགས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་དགོས།
ཏེན་ཞུའེ་ཞང་གིས་ཀྲུང་གོ་སྲིད་གཞུང་གིས་སྔར་སྲོལ་བཞིན་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་རྒྱབ་སྐྱོར་བྱས་ནས་སྔར་ལས་ཆེ་བའི་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན། ཨུ་ཡོན་རྣམ་པ་དང་ཆེད་མཁས་པ་རྣམ་པས་ཞིབ་འཇུག་དང་བརྗེ་རེས་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་གོའི་ཁོར་ཡུག་དང་འཕེལ་རྒྱས་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་ཧུར་ཐག་གིས་ཐབས་འདོན་ཇུས་འབུལ་བྱས་ཏེ། དྭངས་གཙང་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཆེད་བློ་གྲོས་དང་སྟོབས་ཤུགས་སྔར་ལས་མང་བོ་འབུལ་རྒྱུར་རེ་བ་བྱེད་བཞིན་ཡོད་ཟེར།
ཐེངས་འདིའི་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་ཀྱི་བརྗོད་བྱ་གཙོ་བོ་ནི“ལྗང་མདོག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་བྱས་ཏེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས”ཞེས་པ་དེ་རེད། རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་དང་ལྟ་ཞིབ་པ་ལྔ་བརྒྱ་ལྷག་ཚོགས་འདུར་ཞུགས། ཚོགས་འདུའི་ཐོག་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། ལྗང་མདོག་དར་གོས་ཚོང་ལམ་འཛུགས་སྐྲུན་བྱེད་པ། ལྗང་མདོག་དངུལ་རྩ་གསར་གཏོད་སོགས་ལ་དམིགས་ནས་བསམ་ཚུལ་བརྗེ་རེས་དང་བགྲོ་གླེང་བྱས།
དཔའ་བརྟན་རྒྱལ་གྱིས་བསྒྱུར།