ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་བརྗོད་དོན་སློབ་གསོ་སྤེལ།
2023.08.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་པ་གཙོ་ཐིག་ཏུ་བྱས་པ་དང་། སྟོབས་ཤུགས་ཡོད་རྒུས་སྲིད་ཁྲིམས་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་གནོད་བྱེད་པའི་གནད་དོན་སྐོར་ཞིག་མེད་པར་བྱས་ལ། དམངས་ཚིས་ཁྱབ་ཁོངས་ཀྱི་འབུར་དུ་ཐོན་པའི་མངོན་སུམ་གནད་དོན་ཐག་བཅད་པ་དང་། འགན་འཁྲི་གསར་བ་དང་ཁག་ཁུར་གསར་བས་རང་འགུལ་གྱིས་མི་དམངས་མང་ཚོགས་ཀྱི་སྲིད་ཁྲིམས་བྱ་བའི་ཐད་ཀྱི་རེ་སྒུག་གསར་བ་དང་རེ་བ་གསར་བར་ལན་བཏབ་ལ། མི་དམངས་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་ཚོར། བདེ་སྣང་རྒྱུན་མཐུད་ངང་ཇེ་མཐོར་གཏོང་བར་སྐུལ་འདེད་བཏང་བ་དང་། ཁྲིམས་བསྟར་ཁྲིམས་འཛིན་གྱི་སྤྱི་རྟོན་ནུས་པ་བརྟན་བརླིང་ངང་ཇེ་མཐོར་བཏང་ལ། ཧུར་ཐག་གིས་སྲིད་ཁྲིམས་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་དཀྱིལ་སྙིང་དང་སྤྱི་ཡོངས་ལ་སྲུང་སྐྱོབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་ཆེད་རྨང་གཞིའི་འགན་སྲུང་འདོན་སྤྲོད་བྱས།

བཅོས་སྐྱོང་རྣམ་པ་གསར་གཏོད་བྱས་པ་དང་། བདེ་འཇགས་ཀྱི་གཞི་རྩ་ཇེ་བརྟན་དུ་བཏང་། གྲོང་ཁྱེར་ཁུལ་ཁོངས་ཀྱི་བཅོས་སྐྱོང་དམ་འཛིན་བྱས་པ་དང་། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་ཁུལ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཚོད་ལྟའི་ཐད་ཀྱི་ཞིང་ཆེན་རིམ་པའི་ཞིབ་དཔྱད་ཡོངས་འགྲུབ་བྱས་ལ། གྲོང་གསེབ་བཅོས་སྐྱོང་ཆེད་དོན་འགུལ་སྐྱོད་སྤེལ་ནས། གྲོང་གསེབ་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་མཐོར་འདེགས་བཏང་། དཔྱད་ཞིབ་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་གཅིག་ཅན་བཅུ་ཡི་བྱ་བའི་རེ་བ་སྤྱིའི་བྱེད་ཐབས་སུ་བྱས་ལ། དཔྱད་ཞིབ་ཀྱི་ལམ་ལུགས་བཟོ་བཅོས་དང་འཐུས་ཚང་དུ་བཏང་བ་དང་། ཟླ་གཉིས་ལ་བཀོད་གཏོང་ཐེངས་གཅིག་བྱེད་པ་དང་དུས་ཚིགས་གཅིག་ལ་དཔྱད་འཇོག་ཐེངས་གཅིག་བྱེད་པ། ལོ་རེར་དཔྱད་ཞིབ་ཐེངས་གཅིག་བྱེད་པའི་བྱེད་ཐབས་སྤྱད་དེ་རིམ་པ་བཞིན་འགན་འཁྲི་གཏན་ཁེལ་བྱས་པ་དང་ལས་འགན་ལག་བསྟར་བྱས་ནས། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་ཁ་ཕྱོགས་སྔར་ལས་གསལ་བོ་བྱེད་པ་དང་བཀོད་འདོམས་སྔར་ལས་གནད་ལ་ཕིགས་པ། ལྟ་སྒྲུབ་སྔར་ལས་ཤུགས་ཡོད་པར་བྱས།

རྒྱུན་དུ་ནག་འཇོམས་ངན་སེལ་བྱས་པ་དང་། མང་ཚོགས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱས། རྒྱུན་རྣམ་སྒོས་ནག་འཇོམས་ངན་སེལ་དེ་དམངས་ཚིས་ཀྱི་རྣམ་གྲངས་གསལ་ཁྲའི་ཁྲོད་བཞག་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་གདུགས་དྲ་མེད་པར་བཟོ་བའི་མཐོ་གནོན་གྱི་རྣམ་པ་རྒྱུན་འཁྱོངས་བྱས། གནད་དོན་གཙོ་བོ་གཙིགས་སུ་བཟུང་ནས་དག་ཐེར་ལེགས་བཅོས་བྱས་པ་དང་། ནག་འཇོམས་ངན་སེལ་ཐད་ཀྱི་སྤྱི་སྡོམ་ཕྱིར་བལྟ་བྱས་ལ། ཕྱོགས་བཅུའི་ཐད་ཀྱི་གཙོ་གནད་ལ་དམིགས་ནས་གནད་དོན་ཉི་ཤུ་ལ་ལྟ་ཞིབ་བྱས་པ་དང་། སློབ་གསོ་དང་དངུལ་རྩའི་དངུལ་བུན་སྟེར་བ། ཚོང་རའི་འཁོར་རྒྱུག་བཅས་གཙོ་གནད་ལས་རིགས་གསུམ་གྱི་སྣང་ཚུལ་ངན་པར་ཆེད་དོན་བཅོས་སྐྱོང་བྱས་ལ། ནག་ངན་སྟོབས་ཤུགས་ཀྱི་འབྱུང་རྩ་མེད་པར་བཟོས་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱས་ཏེ། སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོབ་བྱས།

རྒྱལ་དོན་གལ་ཆེན་གཙིགས་སུ་བཟུང་བ་དང་། ཁྲིམས་སྐྱོང་འགོག་སྲུང་བརྟན་པོ་བཙུགས། ཁུ་ནུ2023སོགས་ཟས་སྨན་ཁོར་ཡུག་ཁྱབ་ཁོངས་ཀྱི་ཆེད་དོན་རྡུང་རྡེག་བཅོས་སྐྱོང་བྱ་བ་སྤེལ་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་ཆེད་འགན་སྲུང་བྱས། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བསྒྱུར་བྱས་པ་དང་། སྲིད་ཁྲིམས་ལས་ཁུངས་ཀྱི་ཁེ་ལས་ལ་རོགས་སྐྱོར་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླིང་འགུལ་སྐྱོད་སྤེལ་བར་གཅིག་འདོམས་བྱས་ལ། སྲིད་ཁྲིམས་ཁྱབ་ཁོངས་ཀྱི་གློད་སྡོམ་ཞབས་གསུམ་གྱི་བཅོས་བསྒྱུར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ་དང་། རང་འགུལ་གྱིས་ཁྱིམ་ཚང་དུ་བསྐྱོད་པ་དང་ས་ཚིགས་གཅིག་ཅན་གྱི་བཅའ་ཁྲིམས་ཞབས་ཞུ་འདོན་སྤྲོད་བྱས་ལ། སྲིད་ཁྲིམས་སྡེ་ཁག་བརྟན་བརླིང་ངང་ཁེ་ལས་དང་འབྲེལ་བའི་ཁྲིམས་བསྟར་གྱོད་སྒྲུབ་དང་བཅའ་ཁྲིམས་ལྟ་སྐུལ། བཅའ་ཁྲིམས་ཞབས་ཞུ་སོགས་དུས་རིམ་གྱི་འབུར་ཐོན་གནད་དོན་ཐག་གཅོད་པར་མཛུབ་སྟོན་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་གྱི་ཆུ་ཚད་ཇེ་མཐོར་བཏང་།

ཚན་རྩལ་གྱི་ནུས་འདོན་ལ་རྒྱབ་བརྟེན་ནས། མི་དམངས་ལ་ཞབས་འདེགས་ཞུ་བའི་ཕན་འབྲས་མཐོར་འདེགས་བཏང་། བཅའ་ཁྲིམས་ཞུ་གཏུག་དང་འབྲེལ་བའི་འཕྲིན་བཅར་ཆ་འཕྲིན་མ་ལག་འཛུགས་པ་དང་བཀོལ་སྤྱོད་བྱས་པ་དང་། བཅའ་ཁྲིམས་ཞུ་གཏུག་དང་འབྲེལ་བའི་འཕྲིན་བཅར་གྱོད་གཞི་གློག་རྡུལ་ཅན་དུ་བསྒྱུར་བའི་དོ་དམ་དང་ཕན་ལྡན་ཅན་གྱི་གྱོད་སྒྲུབ། ལེབ་བསྒྱུར་ཅན་གྱི་ལྟ་སྐུལ་མཛུབ་སྟོན་བྱ་བའི་རྐྱེན་སྲོལ་མངོན་འགྱུར་བྱས་ཏེ། གྱོད་གཞི་བསྒྲུབ་པའི་སྤུས་ཚད་དང་ཕན་འབྲས་སྔར་ལས་ཇེ་མཐོར་བཏང་། བཅའ་ཁྲིམས་ཞུ་གཏུག་དང་འབྲེལ་བའི་འཕྲིན་བཅར་ཆ་འཕྲིན་མ་ལག་ལག་བསྟར་བྱས་པའི་ཚུན་དུ། གྱོད་གཞི་འཁོར་རྒྱུག་དུས་ཡུན་དེ་ཡུལ་དངོས་ནས་བསྒྲུབ་པའི་དུས་ཡུན་ལས་ཆ་སྙོམས་ཀྱིས་ཉིན་བཅུའི་ཡན་ཇེ་ཐུང་དུ་བཏང་། ཁྲིམས་འཛིན་རོགས་སྐྱོར་སྟེགས་བུ་འཐུས་ཚང་དུ་བཏང་། རྒྱལ་ཡོངས་ནས་སྔོན་དུ་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ཁྲིམས་འཛིན་རོགས་སྐྱོར་དོ་དམ་མ་ལག་གསར་སྤེལ་འཁོར་རྒྱུག་བྱས་པ་དང་། སྲིད་གཞུང་གི་ཁྲིམས་འཛིན་རོགས་སྐྱོར་མ་དངུལ་ཇེ་མང་དུ་གཏོང་བའི་ཡིག་ཐོག་སྙན་ཞུ་ཕུལ་ནས། ལངས་གཟུགས་ཅན་ད་རིག་སྟོབས་ཅན། ཚད་ལྡན་ཅན་གྱི་ཁྲིམས་འཛིན་རོགས་སྐྱོར་མ་ལག་བཙུགས།

རིན་ཆེན་མཚོས་བསྒྱུར།