ཧན་ཀྲིན་གྱིས་དབྱིན་ཇིའི་ཕྱི་འབྲེལ་འཕེལ་རྒྱས་བློན་ཆེན་ལ་མཇལ་འཕྲད་གནང་།
2023.08.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བརྒྱད་པའི་ཚེས་སུམ་ཅུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ། དབྱིན་ཇིའི་ཕྱི་འབྲེལ་འཕེལ་རྒྱས་བློན་ཆེན་ཁུ་ལའེ་ཧྥུའུ་ལིས་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་ཀྲུང་གོ་དང་དབྱིན་ཇིའི་བར་དུ་གཞུང་ཚབ་ཆེན་མོ་རིམ་པའི་ཕྱི་ཕྱོགས་འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཀ་ལྷག་འཁོར་བའི་རིང་ལ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། མིག་སྔའི་རྒྱལ་སྤྱིའི་གནས་བབ་ཁྲོད་ཀྱི་ཉེན་ཁ་དང་འགྲན་སློང་གི་མདུན་དུ། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་དང་འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞི་གཙོ་བོ་ཡིན་པའི་ཀྲུང་གོ་དང་དབྱིན་ཇིས་ཕན་ཚུན་བརྩི་འཇོག་དང་མཉམ་ལས་གཉིས་ཕན་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་ཡུལ་གལ་ཆེན་ལ་ལྟ་སྐྱོང་གང་ལེགས་བྱས་ནས། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ནས། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། དཔལ་འབྱོར་ཚོང་དོན་མཉམ་ལས་ནི་ཀྲུང་དབྱིན་འབྲེལ་བ་བདེ་ཐང་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་རྨང་གཞི་ཡིན་པས། རྒྱལ་ཁབ་གཉིས་ཀའི་སྲིད་གཞུང་གིས་ཁེ་ལས་ལ་ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་བཏོད་དེ། དངོས་སྒྲུབ་མཉམ་ལས་ཀྱི་འཕར་གཞི་གསར་བ་འཚོལ་ཞིབ་ཧུར་ཐག་བྱེད་དགོས་ཞེས་གསུངས།

ཁུ་ལའེ་ཧྥུའུ་ལིས་ཀྱིས་ཀྲུང་གོ་ནི་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ལྡན་པའི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་སྤྱིའི་བཅོས་སྐྱོང་ཁྲོད་དུ་ནུས་པ་གལ་ཆེན་ཉིན་རེ་བཞིན་འདོན་སྤེལ་གང་ལེགས་བྱེད་ཀྱིན་ཡོད། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོས་འཛམ་གླིང་གི་དཔལ་འབྱོར་དང་དབུལ་སེལ་ལས་དོན་ལ་ལེགས་སྐྱེས་གལ་ཆེན་ཕུལ་བར་བསྟོད་བསྔགས་བྱེད་ཀྱིན་ཡོད་ཅིང་། ཀྲུང་གོའི་བར་གྱི་མཐོ་རིམ་འགྲོ་འོང་དང་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་བསྣན་ནས། མཉམ་དུ་ངོས་འཛིན་གཅིག་སྡུད་བྱས་ཏེ། མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།