ཞིང་ཆེན་སྲིད་གྲོས་ཀྱིས་ཀྲུའུ་ཞིའི་དམངས་གཙོ་ལྟ་སྐུལ་བཞུགས་མོལ་ཚོགས་འདུ་བསྡུས།
2023.08.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བརྒྱད་པའི་ཚེས་ཉེར་དགུ་ཉིན།    དུས་སྐབས་སྔོན་མའི་བརྟག་དཔྱད་ཞིབ་འཇུག་གི་རྨང་གཞིའི་སྟེང་།    ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་འགོ་འཛིན་བྱས་ཏེ་ཀྲུའུ་ཞིའི་དམངས་གཙོ་ལྟ་སྐུལ་བཞུགས་མོལ་ཚོགས་འདུ་བསྡུས་ནས་མཐོ་སྒང་གི་འདེགས་འཛུགས་ལས་རིགས་དར་སྤེལ་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བར་དམིགས་ནས་གྲོས་མོལ་ཇུས་འབུལ་བྱས།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།   ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་དང་།  ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཧྥིན་ཧྲིན་དང་ལིའུ་ཏ་ཡེ།  ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ་ཏུའུ་ཏི་ཀྲི་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་སྟེང་། མཱ་ཧྥིན་ཧྲིན་གྱིས་བརྗོད་དོན་སྙན་ཞུ་ཕུལ་བ་དང་།  བློ་མཐུན་བཞི་ཡིས་ཟུར་མི་འདྲ་བ་དང་རིམ་པ་མི་འདྲ་བའི་སྒོ་ནས་བརྗེ་རེས་གཏམ་བཤད་བྱས།  ཚང་མས་བལྟས་ན།    ཉེ་བའི་ལོ་འགའི་རིང་ལ།   རང་ཞིང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་བྱས་པ་དང་།    འདེབས་འཛུགས་ལས་རིགས་དར་སྤེལ་ཁྱབ་ཁོངས་ཀྱི་བྱ་བ་སོ་སོ་ཕྱོགས་ཡོངས་ནས་སྤེལ་ཏེ་འགོ་བཟང་བོ་རྩོམ་པ་དང་གོམ་པ་བཟང་བོ་སྤོ་བ་མངོན་འགྱུར་བྱས་ཡོད་པར་འདོད།   ཚང་མས་སོན་གསོ་ཚན་ཞིབ་གསར་གཏོད་ནུས་པ་སྔར་ལས་མཐོ་རུ་གཏོང་བ་དང་སོན་རྫས་ཐོན་ཁུངས་སྲུང་སྐྱོབ་དང་ཞིབ་འཇུག་ཆུ་ཚད་སྔར་ལས་མཐོར་འདེགས་གཏོང་བ།   འདེགས་འཛུགས་གསོ་སྤེལ་ཁྱབ་གདལ་མ་ལག་འཛུགས་སྐྲུན་སྔར་ལས་ཇེ་དྲག་ཏུ་གཏོང་བ།  འདེབས་འཛུགས་ལས་རིགས་དར་སྤེལ་རྒྱུ་རྐྱེན་གྱི་འགན་སྲུང་ནུས་པ་སྔར་ལས་ཇེ་དྲག་ཏུ་གཏོང་བ།    འདེབས་འཛུགས་ལས་རིགས་དར་སྤེལ་གྱི་དངུལ་གཏོང་ཤུགས་ཚད་སྔར་ལས་ཆེ་རུ་གཏོང་བ།   ཚོང་རྟགས་འོས་སྦྱོར་དང་ཚོང་གཉེར་ནང་རྐྱེན་སྔར་ལས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས་པའི་གྲོས་གཞི་བཏོན།

ཚེ་རིང་ཐར་གྱིས་ཚང་མའི་གཏམ་བཤད་ལ་ནན་ཏན་གྱིས་ཉན་པར་མ་ཟད་གཏམ་བཤད་དེ་ཉེ་བའི་ལོ་འགའི་རིང་ལ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ལ་རྐང་བཙུགས་ཏེ་མཐོ་སྒང་འདེབས་འཛུགས་ལས་རིགས་ལ་སྐུལ་འདེད་ནན་མོ་བཏང་ནས་བླངས་པའི་གྲུབ་འབྲས་མཚམས་སྦྱོར་བྱས་པར་མ་ཟད།  གནས་པའི་གནད་དོན་དང་ཁ་གཏད་འཇལ་བའི་ཐད་སྤྱད་པའི་སྲིད་ཇུས་དང་བྱེད་ཐབས་འགྲེལ་བཤད་བྱས་ལ།  མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་མཐོ་སྒང་འདེབས་འཛུགས་ལས་རིགས་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བྱ་བར་བཀོད་སྒྲིག་བྱས་པ་དང་ལས་འགན་བཏོན།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན།   བཞུགས་མོལ་ཚོགས་འདུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འདེབས་འཛུགས་ལས་རིགས་འཕེལ་རྒྱས་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་།   འདེབས་འཛུགས་ལས་རིགས་དར་སྤེལ་གྱི་ལོ་གསུམ་ལ་རྨང་གཞི་བཏིངས་པའི་བྱ་བའི་གྲུབ་འབྲས་སྤྱི་སྡོམ་ནན་མོ་བྱས་ལ།    མཐོ་སྒང་འདེབས་འཛུགས་ལས་རིགས་དར་སྤེལ་གྱི་གནས་བབ་གནད་དོན་ལ་དབྱེ་ཞིབ་ཟབ་མོ་བྱས་ཏེ་ཐུན་མོང་གི་ངོས་འཛིན་གཅིག་བསྡུས་དང་མཉམ་ཤུགས་གྲུབ་པར་བྱས་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འདེབས་འཛུགས་ལས་རིགས་དར་སྤེལ་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་བའི་སྔོན་དཔག་གི་དམིགས་འབེན་ལ་སླེབས་པར་བྱས། མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན།   འདེབས་འཛུགས་ལས་རིགས་ཀྱི་ངོས་འཛིན་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་།  རྟེན་གཞིའི་འགན་སྲུང་དང་དངུལ་གཏོང་འགན་སྲུང་།  འཇོན་མིའི་འགན་སྲུང་བཅས་བཟང་བོར་སྒྲུབ་སྟེ་འདེབས་འཛུགས་ལས་རིགས་དར་སྤེལ་བྱ་བ་ཇེ་དྲག་ཏུ་གཏོང་དགོས།    མཚོ་སྔོན་གྱི་རང་བྱུང་དགེ་མཚན་འདོན་སྤེལ་བཟང་བོ་བྱེད་པ་དང་སོན་བཟང་གསོ་སྤེལ་རྟེན་གཞི་བསྐྲུན་པ།   ས་གནས་ཀྱི་ཁྱད་ལྡན་ཚོང་རྟགས་གསོ་སྐྱོང་བཅས་བྱས་ཏེ་ཐོན་ཁུངས་དགེ་མཚན་དེ་ཐོན་ལས་དགེ་མཚན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།   སོན་རྫས་ཐོན་ཁུངས་མཛོད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་རང་ཞིང་སོན་རྫས་ཐོན་ཁུངས་སྲུང་སྐྱོབ་བེད་སྤྱོད་མ་ལག་འཛུགས་སྐྲུན་བྱས་ཏེ་བསྡུ་ཐུབ་པ་ཡོད་ཚད་བསྡུ་ལེན་བྱེད་པ་དང་འགན་སྲུང་བྱེད་ཐུབ་པར་འགན་སྲུང་བྱས་ནས་འདེབས་འཛུགས་ལས་རིགས་ཀྱི་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་དགོས།

གྲོས་ཚོགས་ཀྱི་སྔོན་ལ།   ཞིང་ཆེན་སྲིད་གྲོས་ཀྱིས་ཀྲུའུ་ཞིའི་དམངས་གཙོ་ལྟ་སྐུལ་ལྟ་ཞིབ་ཚན་ཆུང་བཙུགས་ཏེ་སྔ་གཞུག་ཏུ་མཚོ་སྔོན་སློབ་ཆེན་ཞིང་ནགས་ཚན་རིག་སློབ་གླིང་གི་སྔོ་ཚལ་གྱི་སོན་རིགས་གསར་པ་དང་ལག་རྩལ་གསར་བའི་འགྲེམ་སྟོན་ལྟེ་གནས་དང་རྒྱལ་ཁབ་ལོ་ཏོག་སོན་རྫས་ཐོན་ཁུངས་མཛོད་སོགས་སུ་སོང་ནས་ཡུལ་དངོས་རྟོག་ཞིབ་བྱས།

                                                                                                      ལྷ་མོ་ཚེ་རིང་གིས་བསྒྱུར།