རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པས་ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་བསྡུས།
2023.08.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བརྒྱད་པའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་བསྡུས་ཏེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱེད་པའི་གནས་ཚུལ་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་ཞུར་གྲོས་ཞིབ་བྱས་ནས་ཆེད་དོན་འདྲི་རྩད་བྱས།  ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚོགས་འདུར་མགོ་འཛིན་མཛད་དེ་གསུང་བཤད་གནང་།

འདི་ནི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤེལ་བའི་ཆེད་དོན་འདྲི་རྩད་ཐེངས་དང་པོ་ཡིན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཕང་ལིས་ཅོན་དང་ཐང་ཧྭ་ཅུན། ཚུང་པེན། ཞུའུ་ཝེ་ཀང་། ཝང་ཀང་། ཞུའུ་ཚུང་ཞང་། ཀྲང་ཧྲུའུ་ཕིང་སོགས་ཚོགས་ཞུགས་བློ་མཐུན་ཚོས་སྲིད་ཇུས་འཐུས་ཚང་དུ་གཏོང་རྒྱུར་དམིགས་ཏེ། འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་རྒྱུར་འགན་སྲུང་བྱེད་པ་དང་། ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་ལག་བསྟར་ནན་མོ་བྱེད་པ། དཔྱད་ཞིབ་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། འབྲུ་རིགས་སྤུས་ཚད་བདེ་འཇགས་ལ་འགན་ལེན་བྱེད་པ་དང་འདེབས་འཛུགས་ལས་རིགས་དར་རྒྱས་ལས་དོན་ལ་སྐུལ་འདེད་གང་མགྱོགས་གཏོང་རྒྱུ་སོགས་ཀྱི་གནད་དོན་ལ་དམིགས་ནས་འདྲི་རྩད་བྱས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ནོར་སྲིད་པུའུ། རང་བྱུང་ཐོན་ཁུངས་པུའུ། ཆུ་བེད་པུའུ། ཞིང་ལས་དང་གྲོང་གསེབ་པུའུ། ཚོང་དོན་པུའུ་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས་ནས་བསམ་འཆར་ལ་ཉན་པ་དང་དྲི་བར་ལན་བཏབ།

ཀྲའོ་ལི་ཅི་ཡིས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རང་ངོས་ཀྱི་འགན་འཁྲིའི་ངེས་གནས་ནས་རྐང་ཚུགས་པར་བྱས་ཏེ། ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་ནས། འབྲུ་རིགས་བདེ་འཇགས་འགན་སྲུང་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་དང་བཟོ་བཅོས་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། བརྒྱུད་རིམ་ལྡན་ལ་འཐུས་སྒོ་ཚང་བའི་སྒོ་ནས་འབྲུ་རིགས་བདེ་འཇགས་འགན་ལེན་བཅའ་ཁྲིམས་ལམ་ལུགས་ཀྱི་མ་ལག་འཛུགས་པ། རིམ་པ་སོ་སོའི་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཁག་ལ་འབྲུ་རིགས་བདེ་འཇགས་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ། འབྲུ་རིགས་བདེ་འཇགས་བཅོས་སྐྱོང་དེང་རབས་ཅན་དང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས།

ལིའུ་གོ་ཀྲུང་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། རང་རྒྱལ་གྱིས་མི་དུང་ཕྱུར་བཅུ་བཞི་ལྷག་ཙམ་གྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་ནུས་ལྡན་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་བགྲོད་ལམ་སྟེང་དངོས་སུ་བསྐྱོད། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་འབྲེལ་ཡོད་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གཞིར་བཟུང་ནས་འབྲུ་རིགས་ཐོན་སྐྱེད་དང་ལས་སྣོན་འཁོར་རྒྱུག གསོག་འཇོག ཕྱིར་གཏོང་ནང་འདྲེན། གྲོན་ཆུང་དང་གྱོང་གུད་ཉུང་གཏོང་སོགས་ལྷུ་ཚིགས་ཧྲིལ་པོའི་སྲིད་ཇུས་ཀྱི་བྱེད་ཐབས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། འགན་འཁྲི་དང་ལས་དོན་དོན་འཁྱོལ་ལ་ཤུགས་བསྣན་ནས། འབྲུ་རིགས་བདེ་འཇགས་འགན་ལེན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།